བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཡང་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༨ཉིན། བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཡང་ཡིན་པ་དང༌། རྒྱ་གར་གྱི་འབྲེལ་ལམ་དེ་རྒྱ་དཀར་ནག་དབར་གྱི་ཆབ་སྲིད་ཀྱི་འབྲེལ་བ་དང་༧རྒྱལ་དབང་ཀརྨ་པའི་རྩོད་རྙོག་ཐེ་བའི་ཉེ་བའི་འགྱུར་འགྲོས་ཀྱིས་ཤུགས་རྐྱེན་ཐེབས་འཇུག་རྒྱུ་ཡོད་པ་མ་རེད།

ཟླ་འདིའི་ཚེས་༧རེས་གཟའ་ཟླ་བ་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གྷོ་ཝ་རུ་ཕྱི་ལོ་༢༠༡༡ལོའི་༼རྒྱ་གར་གྱི་རྩིས་རིག་མཁས་ཅན་དང་མ་ཁེ་སིའི་རིང་ལུགས་པ་སྐུ་ཞབས་ཌི་ཌི་ཀོ་སམ་བྷིད་མཆོག་གི་རྗེས་དྲན་དུས་སྟོན་༽སྐབས་མི་མང་ལ་༼སྟོང་ལོ་གསར་པའི་བཟང་སྤྱོད་༽ཅེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་ཡོད་པ་དང༌།

སྐབས་དེར་གང་ཉིད་ཀྱིས་དུས་རབས་༨པ་ནས་བོད་ནང་དུ་དར་རྒྱས་བྱུང་བའི་ནང་པའི་ཆོས་ཀྱི་རྩ་བ་ནི་རྒྱ་གར་ལ་ཐུག་ཡོད་ལུགས་དང༌། བོད་ནང་དུ་ཡོད་པའི་བོད་མི་ས་ཡ་༦དེ་སྤྱིར་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་བཞིན་ཡོད་ནའང༌།  བོད་མིའི་བརྒྱ་ཆ་༩༠ཐམ་པས་རྒྱ་གར་ཕྱོགས་ལ་བལྟས་ནས་བསྡད་ཡོད་པ་རེད་ཅེས་གསུངས་འདུག

སྐབས་དེར་གསར་འགོད་པ་ཚོས་བོད་དང་རྒྱ་གར་དབར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འབྲེལ་བ་ཡོད་པ་ཞིག་ཡིན་དུས། ཉེ་ཆར་༧དཔལ་རྒྱལ་དབང་ཀརྨ་པའི་རྩོད་རྙོག་དེའི་སྐོར་གང་ཉིད་ཀྱིས་༼མཛད་དཀའ་གྱི་དགོངས་ཚུལ་བཞེས་ཀྱིན་ཡོད་མེད་༽སྐོར་བཀའ་འདྲི་ཞུས་སྐབས།

༧གོང་ས་མཆོག་གིས། འཕྲལ་རྐྱེན་ཞིག་གིས་བོད་དང་རྒྱ་གར་དབར་གྱི་འབྲེལ་བ་ལ་གེགས་རྐྱེན་བཟོ་ཐུབ་ཀྱི་མ་རེད།  བོད་དང་རྒྱ་གར་དབར་གྱི་འབྲེལ་བ་དེ་ངོ་ལོ་བཅུ་ཕྲག་ཁ་ཤས་མ་རེད། ལོ་ངོ་སྟོང་ཕྲག་ཁ་ཤས་རེད། བོད་དང་རྒྱ་གར་གྱི་འབྲེལ་བ་ནི་བླ་མ་དང་རྗེས་འཇུག་པའི་འབྲེལ་བ་རེད། རྒྱ་གར་ནི་བླ་མ་དང་བོད་ནི་སློབ་མ་ཞིག་ཆགས་བསྡད་ཡོད་དུས། ང་ཚོ་དབར་དམིགས་བསལ་གྱི་འབྲེལ་བ་དེར་འཕྲལ་རྐྱེན་གང་གིས་ཀྱང་བར་ཆད་གཏོང་རྒྱུ་ཡོད་པ་མ་རེད། བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཡང་ཆགས་བསྡད་ཡོད་པ་རེད། ངོས་ཀྱི་ལྟ་ཚུལ་དུ་ལོ་ངོ་སྟོང་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ལྡན་པའི་བླ་མ་དང་སློབ་མའི་འབྲེལ་བ་དེ་རྒྱ་གར་གྱི་སྲོལ་རྒྱུན་དུ་ཧ་ཅང་རླབས་ཆེན་གྱི་གནད་དོན་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་འདུག

དུས་མཚུས་སུ་༧གོང་ས་མཆོག་གིས་དེ་སྔོན་རྒྱ་གར་གྱི་སྲིད་བློན་དང་པོ་སྐུ་ཞབས་མོ་རཱར་ཇི་དྷི་སིད་མཆོག་གིས་གང་ཉིད་ལ་ཕུལ་བའི་འཚམས་འཕྲིན་ནང་༼བོད་དང་རྒྱ་གར་ནི་ནང་པ་སངས་རྒྱས་པའི་ཤིང་སྡོང་གཅིག་གི་ཡལ་ག་གཉིས་ཡིན་པ་དང༌། ཤིང་སྡོང་དེ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་པ་གང་ཞིག་ལ། དེའི་ཡལ་འདབས་དེ་བོད་ནང་དུ་རྒྱས་པ་ཞིག་རེད། དེ་ནི་ལུང་པ་གཉིས་དབར་གྱི་གཞི་རྩའི་འབྲེལ་བ་དེ་ཆགས་ཡོད་༽ཅེས་པའི་བཀའ་མོལ་འགྲེལ་བརྗོད་དེ་ཉིད་གང་ཉིད་ཀྱིས་བསྐྱར་དུ་འགྲེལ་བརྗོད་གནང་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ནི་རྒྱལ་ཁབ་གཞན་དང་བསྡུར་ན་སྲ་བརྟན་རང་བཞིན་ཞིག་ཡིན། གང་ཡིན་ཟེར་ན། རྒྱ་གར་ནི་མང་གཙོ་དང་རང་དབང་གི་ཁྲིམས་ཞིབ་ལྷན་ཚོགས་ཡོད་པ་རེད། རྒྱུན་དུ་༼གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁས་ཚོས་དམིགས་བསལ་གྱི་འགན་དབང་ཁྱེར་དགོས་ཀྱི་ཡོད་པ་རེད། ཁོང་ཚོས་ནོར་འཁྲུལ་གྱི་བྱ་བ་རིགས་བཀའ་སྡོམ་ཐུབ་ཀྱི་རེད།༽ རྒྱུན་དུ་གསར་འགོད་པ་ཚོ་སྣ་ཁུང་རིང་པོ་གླང་ཆེན་ལྟ་བུ་དགོས་ཀྱི་ཡོད་པ་རེད། གསར་འགོད་ཚོས་ཕྱི་ཚུལ་གྱི་གནས་ཚུལ་དེའི་རྒྱབ་ཏུ་ག་རེ་ཡོད་པ་དེའི་དྲི་མ་བསྣམས་ནས། ཞིབ་དཔྱོད་ཀྱི་ལམ་ནས་དྲང་བདེན་མ་ཡིན་པ་དང་། གཞི་རྩ་མེད་པའི་གནས་ཚུལ་རྣམས་རྟོགས་པ་བྱེད་དགོས་ཅེས་བཀའ་སློབ་གནང་འདུག

ཡང་༧གོང་ས་མཆོག་གིས། བདེ་སྐྱིད་ཟེར་བ་དེ་དངུལ་ཁོ་ནར་རག་ལུས་པ་ཞིག་མ་ཡིན། གཙོ་བོར་ལྷག་བསམ་དང༌། མཛའ་བརྩེ། བྱམས་སྙིང་རྗེ་བཅས་ཀྱིས་བདེ་སྐྱིད་དང་འཆམ་མཐུན་སྐྲུན་ཐུབ་ཀྱི་ཡོད་པ་རེད། དུས་རབས་༢༡པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པ་ངོས་འཛིན་དགོས། ༼ལོ་ངོ་སྟོང་ཕྲག་རིང་རྒྱ་གར་ནི་ཞི་བདེ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་མ་གཏོང་མཁན་ཞིག་རེད།༽ཅེས་གསུངས་ཡོད་པ་རེད།

ཡང་༧གོང་ས་མཆོག་གིས་གསར་འགོད་པར་༧རྒྱལ་དབང་ཀརྨ་པའི་གནད་དོན་སྐོར་གསུངས་དོན། ༼དེ་ནི་སྐུ་བཅར་བ་རྣམས་ཀྱིས་དོ་སྣང་མ་བྱས་པའི་གནད་དོན་ཞིག་རེད།༽འོན་ཀྱང་༼དེ་ནི་ནོར་འཁྲུལ་ཞིག་ཡིན་ཡང་ཉེན་ཁ་ཆེན་པོ་དེ་འདྲ་གང་ཡང་མ་རེད་༽ཅེས་བཀའ་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།