༧གོང་ས་མཆོག་ཆིབས་བསྒྱུར་སྐབས་པར་རིས་འགྲེམས་སྟོན་གནང་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༧ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་མཛད་འཕྲིན་ཁག་ཡོངས་སུ་གྲུབ་ནས། ཕྱི་ཚེས་༨ནས་རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་དུ་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་ཡོད་པ་རེད།

དེ་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་མཚམས་སུ། རཱ་ཇི་སི་ཐན་གྱི་མངའ་སྡེའི་གྲོང་ཁྱེར་ཇོ་ཌ་པུར་ནང་རྟེན་གཞི་བྱས་ཡོད་པའི་ཨ་ར་ཝ་ལི་ཨིན་སི་ཊུ་ཊ་Aravalli Institute Of Management ཞེས་པའི་སློབ་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཟླ་འདིའི་ཚེས་༨ནས་༡༢བར་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་རཱ་ཇི་སི་ཐན་ཁུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱང་འཆར་ཡོད་པ་རེད།

ཕྱི་ཚེས་ ༩ སྔ་དྲོའི་ཆུ་ཚོད་ ༩ །༣༠ ཙམ་ལ་ཇོ་ཌ་པུར་གྱི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་ར་ཝ་ལི་ཨིན་སི་ཊུ་ཊ་ཞེས་པའི་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཏཱ་ཇ་ཧ་རི་མ་ཧཱལ་ཞེས་པའི་མགྲོན་ཁང་གི་ཚོམས་ཆེན་ནང་སློབ་ཁང་དེ་ལོ་བཅུ་འཁོར་བའི་དུས་ཆེན་མཛད་སྒོ་དང་འབྲེལ་བའི། རྒྱ་གར་སྲོལ་རྒྱུན་གྱི་གཅེས་ནོར། དཔལ་ནཱ་ལེནྡྲའི་ལེགས་བཤད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང༌། སྐབས་དེར་ཇོ་ཌ་པུར་གྱི་མར་ཝར་རྒྱལ་པོ་ག་ཇ་སིངྒ་མཆོག་ཕེབས་རྒྱུ་ཡིན་འདུག

དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་རཱ་ཇ་མ་ཏཱ་བུ་མོའི་སློབ་གྲྭའི་ནང་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་མ་ཟད།  ཕྱི་ཚེས་ ༡༠ ཉིན་ྋགོང་ས་མཆོག་གིས་མངའ་སྡེ་དེའི་བོད་མི་སུད་ཚོང་བ་དང་རྒྱ་གར་གྱི་ཡུལ་མི་རྣམས་ཏཱ་ཇ་ཧ་རི་མ་ཧཱལ་གྱི་ཚོགས་ཁང་དུ་འདུ་འཛོམས་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག

མཛད་སྒོ་དེའི་སྐབས་ཇོཌ་པུར་མར་ཝར་གྱི་རྒྱལ་པོ་ག་ཇ་སིངྒ་མཆོག་དང་རཱ་ཇ་སི་ཐན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨ་ཤོག་གེ་ལོཌ་མཆོག རྒྱ་གར་གཞུང་གི་གྲོས་ཚོགས་འཐུས་མི་ལྕམ་ཅན་སྡེ་རེ་ཤི་ཀུ་མ་རི་མཆོག གཞན་ཡང་ཇོ་ཌ་པུར་གྲོང་སྡེའི་སྤྱི་ཁྱབ་པ་བཅས་སྐུ་མགྲོན་དུ་མགྲོན་འབོད་ཞུས་ཡོད་འདུག ཕྱི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་ཇེའི་པུར་དུ་རྟེན་གཞི་བྱས་པའི་སྦེར་ཕུ་ཊ་མཐོ་སློབ་ཏུ་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆིབས་བསྒྱུར་དེ་དང་སྟབས་བསྟུན་ནས། བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས། ས་གནས་བོད་མི་སུད་ཚོང་བ་རྣམས་ཀྱིས་ཆེད་འབོད་ལྟར་ཕྱི་ཚེས་༧ནས་༡༠བར་རཱ་ཇི་སི་ཐན་དུ་བོད་དོན་དྲིལ་བསྒྲགས་ཆེན་འགྲེམས་སྟོན་ཞིག་གནང་རྒྱུ་ཡིན་འདུག སྐབས་དེར་༧གོང་ས་མཆོག་གི་མཛད་རྣམ་དང་བཙན་བྱོལ་ནང་གི་འགྲུལ་བཞུད་སོགས་ཀྱི་པར་རིགས་ཁག་གཅིག་འགྲེམས་སྟོན་གནང་རྒྱུ་མ་ཟད། བོད་དོན་དང་འབྲེལ་བའི་གློག་བརྙན་སྟོན་རྒྱུ་ཡིན་འདུག

དེ་རྗེས་ཕྱི་ཟླ་ ༢ ཚེས་ ༡༥།༡༦ བཅས་ཉིན་གཉིས་རིང་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ འོག་ལྡི་ལི་གཙུག་ལག་སློབ་ཁང་གི་ཊ་གོར་ཚོམས་ཆེན་དུ་༼བོད་ཀྱི་དུས་སྟོན་༽ཞེས་པའི་ལས་འཆར་དང་འབྲེལ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་༼བཙན་བྱོལ་ནང་གི་འགྲུལ་བཞུད། ཕ་ཡུལ་ཕྱོགས་སུ་རྒྱང་བལྟ།༽ ཞེས་པའི་པར་རིགས་ཚན་པ་འདྲ་མིན་ཁག་འགྲེམས་སྟོན་གནང་རྒྱུ་ཡིན་འདུག

ཕྱོགས་མཚུངས་སྐབས་དེར་བོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་མཁས་དབང་ཁག་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་འདུ་དང་རྒྱ་གར་གྱི་ཆོས་གྲོགས་ཚོས་བོད་ཆས་གྱོན་རྒྱུའི་འགྲན་བསྡུར་གནང་རྒྱུ་ཡིན་པ་མ་ཟད།  བོད་མིའི་སྲོལ་རྒྱུན་གྱི་རྩེད་མོ་ཁག་གཅིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།