མཐུན་རྐྱེན་འཛོམས་དུས་རྣམ་གཡེང་གི་གཞན་དབང་དུ་འགྲོ་སྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༤ཉིན། ༧གོང་ས་མཆོག་གིས་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་དུ་དགེ་འདུན་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་༡༢༠༠༠ཙམ་ལ་མཐུན་རྐྱེན་འཛོམས་པོ་ཆགས་སྐབས་དགོན་པའི་ནང་ཡིན་ནའང་སེམས་རྣམ་གཡེང་གི་གཞན་དབང་དུ་འགྲོ་བ་དེ་འདྲ་ཡོང་གི་རེད་ཅེས་བཀའ་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༢༠༠༠ ལས་བརྒལ་བ་རྣམས་ལ་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་ནང་སྒྲོལ་མའི་རྗེས་གནང་དང་རྩ་ཤེ་ཊི་ཀའི་ཟིན་བྲིས་ཀྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད་པ་དང་།

ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་མགོན་པོ་གང་ཉིད་མཆོག་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་དུ་ཆིབས་སྒྱུར་ གྱིས་ཚོགས་ཁང་ནང་གནས་གཟིགས་མཛད་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་ྋཞབས་སོར་འཁོད། སྐབས་དེར་དགེ་འདུན་འདུས་མང་ཡོངས་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང༌། ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང༌། བཀའ་ཁྲི་མཆོག ས་གནས་འགོ་འཛིན། སོག་པོའི་ཕྱི་སྲིད་བློན་ཆེན། གདན་སའི་འདུས་དམངས༌། ཕྱི་རྒྱལ་བ་ཁག་གཅིག དེ་བཞིན་བོད་ནས་ཕེབས་པའི་ཆོས་ཞུ་བ་ཁག་གཅིག་བཅས་ལ་དངོས་གཞིའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན།

འདི་ག་འབྲས་སྤུངས་དང་དགའ་ལྡན་ཆོས་སྒར་དུ་བཅར་དགོས་དོན་གཙོ་བོ་ནི་བོད་རང་ནས་ལོ་རྒྱུས་ལྡན་པ་དང༌། ལོ་བརྒྱ་ཕྲག་རིང་ནས་བསྟན་པ་དང་བཤད་སྒྲུབ་གཉིས་ཀྱི་འཛིན་སྐྱོང་སྤེལ་གསུམ་གནང་མཁན་བཤད་གྲྭ་ཆེན་པོ་དེ་འདྲ་བར་སྐབས་གང་ཙམ་ཡོད། ཕྱིའི་མཐུན་རྐྱེན་ཡག་ཏུ་ཕྱིན་ཡོད་ཀྱང་ནང་གི་རྣམ་གཡེང་ཕྲན་བུ་མང་དུ་ཕྱིན་ཡོད་པ་དེ་ལྟར་གོ་རྒྱུ་འདུག མཐུན་རྐྱེན་འཛོམས་པོ་ཆགས་སྐབས་རྣམ་གཡེང་ལྟ་བུ་བྱས་ཏེ། དགོན་པའི་ནང་ཡིན་ནའང་སེམས་རྣམ་གཡེང་གི་གཞན་དབང་དུ་འགྲོ་བ་དེ་འདྲ་ཡོང་གི་རེད། དེར་བརྟེན་སློབ་གཉེར་ལ་འཐུས་ཤོར་ཕྱིན་པ་དངོས་གསལ་དོད་པོ་མེད་པར་རིམ་པས་ལོ་ནས་ལོ་བསྟུད་མར་འཐུས་ཤོར་ཕྱིན་ན། སླར་གསོ་བྱེད་རྒྱུར་དཀའ་ངལ་ཡོད། ད་ཐེངས་འདིར་གཙོ་བོ་གྲྭ་ཚང་ཁག་བཞི་པོ་དེའི་རྩོད་རྒྱུགས་ཞལ་མཇལ་ཞུ་རྒྱུ་དང༌། ཁ་སང་རྭ་སྟོད་དུ་ཁྱུག་ཙམ་བྱས་པ་རེད། དེ་ནས་འདི་གའི་བཙུན་མའི་དགོན་པའི་ནང་ལའང་རྩོད་རྒྱུགས་ཤིག་བལྟ་དགོས་དྲན་བསྡད་ཡོད། འདིར་ཡོང་རྒྱུའི་འཆར་གཞི་གཏན་འཁེལ་སྐབས་རྒན་དབང་ཆེན་གྱིས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་གནང་རོགས་ཞེས་རེ་འདུན་གནང་བྱུང༌།

དེ་བཞིན་དུ་རྒན་དཔལ་ལྡན་གྲགས་པས་ངོས་ཀྱིས་རྒྱ་རིགས་ཁག་གཅིག་ལ་རྩ་བ་ཤེས་རབ་ཐོར་ཐོར་ཙམ་བརྗོད་པ་དེ་ཐོག་མ་ཕལ་ཆེར་རྒྱ་ཡིག་ནང་ཐོན་པ་དེ་བོད་ཡིག་ནང་བསྒྱུར་ཏེ་དེབ་གཅིག་བཏོན་ཡོད། རྒན་རྣམ་པ་གཉིས་དགུང་ལོ་ཆེན་པོ་ཡིན་ནའང་བར་སྐབས་དགོན་པར་གཏན་འཇགས་བཞུགས་ཏེ་དཔེ་ཁྲིད་ཧུར་ཐག་གནང་ཡོད། ཁོང་གཉིས་ཀྱིས་ ཆོས་འབྲེལ་འདི་ལྟར་བྱེད་རོགས་ཞེས་གསུངས་པར་ཁོང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཡིན། རྒན་རྣམ་པ་གཉིས་ཀྱི་ད་བར་ཧུར་ཐག་གནང་བ་རེད། ད་དུང་ཡིན་ནའང་སོ་སོའི་འཕྲོད་བསྟེན་ལ་དཔག་པའི་དཔེ་ཁྲིད་མུ་མཐུད་དེ་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤར་རྩེ་གྲྭ་ཚང་སྔོན་མ་ཡིན་ན་ཆོས་འབྲེལ་བྱེད་རྒྱུར་ངོས་རང་སྟབས་བདེ་པོ་ཞིག་ཡོང་གི་མི་འདུག བར་སྐབས་གྲྭ་ཚང་གཙང་མ་ཆགས་ཡོད་པར་བརྟེན་ངོས་ལ་ཆོས་འབྲེལ་བྱེད་རོགས་ཞེས་ཞུས་དོན་ལྟར་ངོས་ཀྱིས་འགྲིག་གི་འདུག་ཅེས་ཞུས་པ་ཡིན།

ད་ཐེངས་འདིར་ཡོང་རྒྱུ་གཙོ་བོ་རྩོད་རྒྱུགས་ཞལ་མཇལ་ཞུ་རྒྱུ་དེ་ཡིན། བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་ཚར་གཅིག་བསླེབས་པ་རེད་ཧ་ཅང་དགའ་པོ་བྱུང༌། ཐམས་ཅད་འཁྱེན་པ་དགེ་འདུན་རྒྱ་མཚོ་ནས་བཟུང་འབྲས་སྤུངས་འདི་ྋརྒྱལ་བ་རིམ་བྱོན་གྱིས་མ་དགོན་ཆགས་ཡོད། ྋརྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར་ནང་ལའང་འཁོད་ཡོད། ཁོང་སྐུ་མྱ་ངན་འདས་སྐབས་འབྲས་སྤུངས་ཕོ་བྲང་གི་ཐོག་སྟེང་ལ་བཞུགས་ཏེ་ཚོགས་ཆེན་ལ་ཁྱུག་ཙམ་གཟིགས་པ་རེད། དགེ་འདུན་པ་ཚོས་ཚོགས་ཆེན་དམ་བཅའ་བཏང་རྗེས་ཕྱག་འཚལ་ཏེ་སྨོན་ལམ་བརྒྱབ་ཡོད། སྐབས་དེར་དགེ་འདུན་རྒྱ་མཚོས་ང་དང་དགོན་པ་འདི་ད་དུང་མི་རབས་བདུན་ཙམ་འབྲེལ་བ་ཡོང་གི་རེད་ཅེས་བཀའ་གནང་ཡོད། དེར་བརྟེན་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད།

དེ་རིང་འདིར་ཚར་གཅིག་བསླེབས་པ་དེ་ཞེ་དྲག་དགའ་པོ་བྱུང༌། ཐོག་མ་འདུ་ཁང་འདི་རྒྱག་སྐབས་རྒན་པདྨ་རྒྱལ་མཚན་དམ་པ་ཁོང་བཞུགས་ཡོད། ཁོ་ནི་བསྟན་པ་དང་དགའ་ལྡན་ཕོ་བྲང་གི་ཆེད་ཧ་ལས་ཐུགས་འཁུར་ཡོད་པ་ཞིག་རེད། དེ་བཞིན་རྒན་ཉི་མ་རྒྱལ་མཚན་རེད། དེ་དང་དེས་མཚོན་པའི་དེ་སྔ་ང་ཚོ་འགོ་མ་ཚུགས་པའི་དུས་ཚོད་ལ་སྐུ་ལས་སྐྱོན་མཁན་རྒན་ཉི་མ་དང་རྒན་བསྟན་པ་བསྟན་འཛིན་གྱི་སྐུ་མདུན་ནས་ངོས་ཀྱིས་གསུང་ཆོས་ཞུས་ཡོད། ཞེ་དྲག་རྩ་ཆེན་པོ་ཡིན། དེ་བཞིན་འདུ་ཁང་འདི་ཆ་བཞག་ན་བཀྲ་ཤིས་པོ་ཞིག་ཡིན། བརྒྱད་སྟོང་དང་མངོན་པར་རྒྱན་མདོ་བཅས་ཀྱི་ཞལ་ལུང་ཞིག་མཇལ་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།

ཡང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་འདིར་སོག་པོ་གཞུང་གི་ཕྱི་སྲིད་བློན་ཆེན་ཕེབས་ཡོད། འདིར་སོག་ཕྲུག་མང་པོ་ཡོད་པ་དང༌། དེ་བཞིན་ཁོང་ལ་ལས་དོན་གཞན་ཡང་ཡོད་སྲིད། ཁོང་དེ་རིང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སོག་པོ་དང་བོད་ཀྱི་བར་ལོ་བརྒྱ་ཕྲག་མང་པོའི་རིང་ལ་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཡོད། སོག་པོ་རང་བཙན་གྱི་ཡུལ་དང༌། དེ་བཞིན་ཨུ་རུ་སུ་ཁོངས་ཀྱི་སོག་རིགས། ནང་སོག་བཅས་ནས་ལོ་བརྒྱ་ཕྲག་མང་པོའི་རིང་ནས་གྲྭ་རྒྱུན་ཕོན་ཆེན་ཡོང་གི་ཡོད། གྲྭ་ས་གཞན་ལའང་ཡོད་ཀྱང་གཙོ་བོ་སྒོ་མང་གྲྭ་ཚང་ལ་ཡོང་གི་ཡོད། སོག་པོ་དང་སོག་པོའི་གྲྭ་རྒྱུན་ཚོ་སྒོ་མང་གྲྭ་ཚང་དང་དམིགས་བསལ་འབྲེལ་བ་ཆགས་ཡོད། དེར་བརྟེན་དམིགས་བསལ་གྱི་དགའ་བསུ་ཞུས་ཡོད། ངོས་རང་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་ཡོད་པའི་ཆ་ནས་གྲྭ་ས་འདི་ཞེས་དམིགས་སུ་བཀར་ནས་ཤོད་རྒྱུ་མེད།

འོན་ཀྱང་ངོས་ཀྱི་སྐྱེས་སའི་ཆ་ནས་རྩིས་ན་ཨ་མདོ་བ་ཡིན། རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་རེད། སྤྱིར་བཏང་འབྲས་སྤུངས་ལ་ཆ་བཞག་ན་སྒོ་མང་དེའི་ནང་ནས་སྟག་འཚེར་རིན་པོ་ཆེ་གཙང་པ་ཁང་ཚན་རེད། དེར་བརྟེན་གཙང་པ་ཁང་ཚན་གྱི་གྲྭ་རྒྱུན་ཞིག་ཡིན། ཁྱེད་རང་བོད་ནས་གསར་འབྱོར་གང་ཙམ་ཞིག་འབྱོར་འདུག ཁྱེད་རང་ཚོར་ཚིག་ཁ་ཤས་ཤིག་བཤད་ན་བསམ་བྱུང༌། ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། འཛམ་གླིང་འདིའི་སྟེང་འཕྲུལ་ཆས་སོགས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འདས་པའི་དུས་རབས་ལོ་ཉིས་བརྒྱ་གོང་ནས་རྩིས་ན་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོན་པོ་ཕྱིན་པའི་འབྲས་བུ་གཅིག་ལ་འདས་པའི་དུས་རབས་ ༢༠ པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད།

དམག་འཁྲུག་ཅེས་པ་དེ་མིའི་ལོ་རྒྱུས་ནང་སྔ་མོ་ནས་ཡོད་པ་ཞིག་རེད། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུའང་བཅོམ་ལྡན་འདས་ཀྱི་སྦྱིན་བདག་རྒྱལ་པོ་དེ་ཚོ་ཕར་ཚུར་དམག་བརྒྱབ་ཀྱི་ཡོད། འོན་ཀྱང་མི་འབུམ་ཕྲག་ས་ཡ་མང་པོ་གསོད་རྒྱུ་དེ་དུས་རབས་ ༢༠ ལ་གཅིག་པུ་རེད། དེ་ཇི་ལྟར་བྱས་ནས་བྱུང་བ་རེད་ཅེས་ཞུས་ན། གོ་མཚོན་གྱིས་གཏོར་བཤིག་གཏོང་རྒྱུའི་ནུས་པ་ཧ་ཅང་ཤུགས་ཆེན་ཆགས་ཡོད། དཔེར་ན། རྡུལ་ཕྲན་མཚོན་ཆའི་འོག་མི་འབུམ་ཕྲག་མང་པོ་ཤི་ཡོད། གང་ལྟར་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་མིའི་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་ཀྱང༌། གཏོར་བཤིག་གི་སྡུག་བསྔལ་དང་དངངས་སྐྲག་སྣོན་མ་ཡོང་རྒྱུར་རྐྱེན་ཆགས་ཀྱི་ཡོད། འདི་གང་དུ་ཐུག་ཡོད་ཅེས་ན་མིའི་སེམས་དུལ་བ་ཞིག་མ་བྱུང་ན། ཕྱིའི་ཡོ་བྱད་ག་མཚོན་དང་རིག་གནས་དེ་ཚོ་གྲས་གཏོར་བཤིག་ གཏོང་རྒྱུ་དང༌། སོ་སོའི་མི་དགའ་ས་དེ་དག་གཏོར་བརླག་གཏོང་རྒྱུར་བེད་སྤྱོད་ བྱས་ཡོང་དུས། མིའི་རྣམ་དཔྱོད་དང་རྩལ་ལས་ཐོན་པ་རིག་གནས་དེ་དག་མི་ལ་སྡུག་བསྔལ་དང་དངངས་སྐྲག་སྣོན་མ་ཡོང་རྒྱུའི་ཐོག་ཕྱིན་ཡོད། དེ་བློ་ཕམ་པོ་རེད། ངོས་ཀྱིས་ནམ་རྒྱུན་ཚན་རིག་པ་དང་ལྷན་སྐད་ཆ་ཤོད་སྐབས་ཚན་རིག་གི་རིག་གནས་དེ་ཧ་ལས་པ་རེད། མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་དངོས་པོ་ཡར་རྒྱས་དང་འཕྲུལ་ཆས་ཡར་རྒྱས་འགྲོ་རྒྱུ་དེ་ངེས་པར་དུ་དགོས་རྒྱུ་རེད།

དེ་དང་ཆབས་ཅིག་རྩ་བའི་མིའི་ སེམས་ནང་གི་ཕྲག་དོག་དང༌། ཞེ་སྡང༌། ངག་ཁྱལ། དེ་དང་འབྲེལ་བའི་གཅིག་གིས་གཅིག་ལ་ཡིད་མ་ཆེས་པ་དང་དོགས་པ་བྱེད་རྒྱུ་དེ་དག་གི་སྡུག་བསྔལ་བཟོ་གི་ཡོད། མིའི་ལག་ཆ་དེ་ཚོ་ཞེ་སྡང་དང་ཕྲག་དོག་གིས་བེད་སྤྱོད་བྱེད་རྒྱུའི་སྟེང་འགྲོ་དུས། འཕྲུལ་ཆས་དེ་ཡག་ག་ཞིག་ལ་བེད་སྤྱོད་བྱས་ན་ཡག་པོ་རེད། སྡུག་པར་བེད་སྤྱོད་བྱས་ན་གནོད་པ་ཡོད། བཏང་སྙོམ་ཐོག་བཞག་ན་བཏང་སྙོམ་རང་རེད། དེར་བརྟེན་གོ་ལོག་རྩེད་རྒྱུ་དེ་ཚན་རིག་དང་འཕྲུལ་ཆས་ཀྱི་གོ་ལོག་རྩེད་པ་མིན། དེ་ཚོ་བེད་སྤྱོད་བྱེད་མཁན་མིའི་སེམས་པ་མ་དུལ་བའི་རྐྱེན་གྱི་གོ་ལོག་དེ་རྩེད་པ་རེད་ཅེས་ངས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད། དེར་མི་མང་པོ་ཞིག་གིས་མོས་མཐུན་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཀྱི་འདུག ཚེ་ཕྱི་མའི་སྐད་ཆ་ཤོད་ཀྱི་མེད། ཚེ་འདི་ག་རང་ལ་སྐྱིད་པ་ཞིག་ཡོང་རྒྱུར་མི་སེམས་དུལ་བ་ཞིག་དགོས་ཀྱི་འདུག་ཅེས་འདི་ལྟར་ཤོད་ཀྱི་ཡོད།

གཞན་ཁ་སྔོན་ཝར་ཎར་བཤད་པ་དེ་དག་རང་རེད། མིའི་སེམས་དུལ་དགོས་རྒྱུ་གལ་ཆེན་པོ་རེད། སེམས་དུལ་སྟངས་དེ་སོ་སོའི་སྐྱབས་གནས་ལ་དད་པ་དང་ཡིད་ཆེས་བྱེད་ནས་སེམས་འདུལ་ཐབས་ཤིག་དང༌། སངས་རྒྱས་པའི་ཆོས་ལ་དད་པ་བྱས་ནས་སེམས་རྒྱུད་འདུལ་ཐབས་བྱེད་རྒྱུ་གཅིག་ཡོད། འོན་ཀྱང་དེའི་ཐོག་གཙོ་བོ་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་དཔྱད་པ་བྱས་ཏེ། འཕྲལ་ཕུགས་ཀྱི་ཁེ་གྱོང་ལ་བསམ་བློ་བཏང་པའི་ཐོག་ནས་འདུལ་ཐབས་ཟེར་རྒྱུ་དེ་ སྤྱིར་རྒྱ་གར་གྱི་ཆོས་བརྒྱུད་ཚོས་ཁྱད་ཆོས་རེད། ཡང་སྒོས་རྒྱ་གར་འཕགས་པའི་ཡུལ་སངས་རྒྱས་པའི་ཆོས་བརྒྱུད་ཀྱི་ཁྱད་ཆོས་རེད། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ཆོས་བརྒྱུད་དེ་གཙོ་བོ་རིག་པའི་ལམ་ལ་བརྟེན་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་མཁན་ཞིག་ཆགས་དུས་དམིགས་བསལ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན་དངོས་གཞིའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད་འདུག

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།