༧རྒྱལ་དབང་ཀརྨ་པ་མཆོག་ལ་ནག་ཉེས་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༣ཉིན། ཉེ་ཆར་གསར་འགོད་པས་༧རྒྱལ་དབང་ཀརྨ་པ་མཆོག་གི་གནས་ཚུལ་སྐོར་གཞི་མེད་ཚོད་དཔག་དང༌། འཛམ་གླིང་གི་ནང་པ་ཡོངས་ལ་ཕོག་ཐུག་ཆེན་པོ་བཏང་བ་དེར།  ཁ་སང་ཕྱི་ཚེས་༢ཉིན་རྒྱ་གར་གྱི་གྲོང་ཁྱེར་བྷན་ལོ་རུ་བོད་མི་༥༠༠ལྷག་ཙམ་གྱིས་ངོ་རྒོལ་གྱི་རྣམ་པ་མཚོན་པའི་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་འདུག

སྐབས་དེར་བྷན་ལོ་རུ་ཡོད་པའི་སྨན་པ་ཨེ་ཤུའུ་སྒྲོལ་དཀར་ལགས་ཀྱིས། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་བོད་དང༌། རྒྱ་ནག་ཐེ་བའི་འཛམ་གླིང་གི་ས་ཕྱོགས་གང་སར་དད་ལྡན་རྗེས་འཇུག་པ་མང་པོ་ཞིག་ཡོད་དུས། རྒྱ་ནག་གི་སྒོར་མོ་ཞིག་ཐོན་པ་ཙམ་གྱིས་རྒྱ་ནག་གཞུང་གི་སོ་པ་རེད་ཟེར་བ་ནི་གཞི་མེད་སྐྱོན་འཛུགས་ཤིག་རེད་ཅེས་འགྲེལ་བརྗོད་གནང་འདུག

བྷན་ལོ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཞོན་གཡུང་དྲུང་བསྟན་འཛིན་ལགས་ཀྱིས། ཉེ་ཆར་རྒྱུད་སྟོད་དགོན་པའི་ནང་རྒྱ་གར་ཉེན་རྟོག་པས་སྔོག་བཤེར་བྱས་ནས། རྒྱ་སྒོར་དང་གཞན་ཡང་རྒྱལ་ཁབ་ཁག་༡༢ཙམ་གྱི་དངུལ་སྒོར་ཐོན་ཡོད་པ་རེད། དེར་བརྟེན་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་བརྗོད་བཞིན་ཡོད་ནའང༌། གཞི་རྩའི་ཉམས་ཞིབ་དང་ཁུངས་ལུང་དེ་འདྲ་གང་ཡང་རྙེད་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དེའི་ནང་རྒྱ་གར་གྱི་གྲོང་ཁྱེར་བྷན་ལོ་རུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་དང༌། ངོ་རྒོལ་བ་ཚོས་༼༧ཀརྨ་པ་མཆོག་ལ་ཉེས་པ་མེད། གསར་འགྱུར་བརྒྱུད་ལམ་ཁག་གིས་ཉེས་མེད་སྐྱོན་འཛུགས་མ་བྱེད་རོགས་༽ཅེས་འབོད་སྒྲ་བསྒྲགས་ཡོད་འདུག

ལས་འགུལ་གྱི་མཇུག་མཐར་བྷན་ལོ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་དང་དེ་རྗེས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ཐང་ཆེན་དུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང༌། རྒྱ་གར་གྱི་རྒྱལ་གླུ་བཅས་ཕུལ་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་མཇུག་བསྡུས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན་བསྟན་དར་ཚེ་རིང༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།