བླ་བྲང་གི་དངུལ་སྒོར་གཅིག་ཚུན་ལའང་རྩིས་ཁྲ་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༣ཉིན། ཉེ་ཆར་ཕྱི་ཚེས་༣༠ཉིན་རྒྱུད་སྟོད་དགོན་པ་རུ་གསལ་འགོད་གསལ་བསྒྲགས་དེའི་ཐོག རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤིས་མཱ་དྷུར་ལགས་ཀྱིས། ཀརྨ་པའི་བླ་བྲང་གི་ཡོང་ཁུངས་དངུལ་སྒོར་གཅིག་ཚུན་ལའང་རྩིས་ཁྲ་ཡོད་པ་ཞིག་རེད་ཅེས་རྒྱ་བོད་གཉིས་ཀྱི་གསལ་འགོད་པར་འགྲེལ་བརྗོད་གནང་ཡོད།

༧དཔལ་རྒྱལ་བ་ཀརྨ་པའི་མགྲིན་ཚབ་པ་དང་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མཊུར་ལགས་ཀྱིས། ཐེངས་འདིའི་གནད་དོན་དེའི་ནང༌། ཧི་མ་ཅལ་མངའ་སྡེའི་ཨོ་ནཱ་ས་གནས་སུ་རྒྱ་གར་ཉེན་རྟོག་པས་རྒྱ་གར་བ་གཉིས་ཀྱི་ལག་ནས་ཧིན་སྒོར་འབུམ་ ༡༠༠ ཐོན་སྐབས་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་གཉིས་ཀྱི་ཀྱང་ཁྲིམས་མཐུན་མིན་པའི་རླངས་འཁོར་ཞིག་བཏང་ནས་ཡོང་ཡོད། དེ་ནི་ཀརྨ་པའི་ཕྱོགས་ཀྱི་གནད་དོན་ཞིག་མ་རེད། བླ་བྲང་གིས་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་སྙན་གསེང་ཞུས་ཏེ་ས་ཆ་ཉོ་རྩིས་བྱས་ཤིང༌། ས་རིན་ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་བས་ས་ཆ་བདག་པོ་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡོད་པས། ཧིན་སྒོར་འབུམ་ ༡༠༠ དེ་ཀརྨ་བླ་བྲང་ལ་འབྲེལ་བ་ཡོད་པ་མ་རེད་ཅེས་གསུངས་ཡོད།

ཡང་ཁོང་གིས་གཞན་ཡང༌། བླ་བྲང་ནས་རྒྱ་སྒོར་མང་པོ་ཞིག་ཐོན་ཡོད་སྟབས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཞིག་བྱུང་ཡོད། དེ་ནི་ཡ་མཚན་དགོས་པ་ཞིག་དང་དགོད་བྲོ་བ་ཞིག་རེད། རྒྱ་ནག་གི་སྒོར་མོ་ཡོད་པ་ཙམ་གྱིས་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པ་རེད་ལབ་ན། ཕྱི་དངུལ་མང་ཤོས་ཨ་སྒོར་ཐོན་ཡོད། དེ་ནི་ཀརྨ་པ་ཨ་རིའི་གསང་མྱུལ་བ་རེད་ཟེར་ན་འགྲིག་གི་རེད་དམ། རྒྱ་སྒོར་གྱིས་ཀརྨ་བླ་བྲང་གི་ཕྱི་དངུལ་ལས་བརྒྱ་ཆ་ ༡༠ ཙམ་ལས་ཟིན་གྱི་ཡོད་པ་མ་རེད།

སྒོར་མོ་དེ་དག་ནི་འདི་ལོ་ཕྱི་ཟླ་༡༢པའི་ནང་གནས་མཆོག་རྡོ་རྗེ་གནད་དུ་བཀའ་རྒྱུད་སྨོན་ལམ་ལ་སོགས་པའི་སྐབས་སུ་བོད་ནས་ཕེབས་པའི་མཆོད་མཇལ་བ་དང༌། རྒྱ་རིགས་དད་ལྡན་པ་ཚོས་ཕུལ་བ་ཞིག་རེད། བོད་དང་རྒྱ་ནག ཕྱི་རྒྱལ་སོགས་ནས་ཉིན་ལྟར་ཀརྨ་པར་མཇལ་དུ་ཡོང་མཁན་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་རྒྱ་གར་གཞུང་ལ་གསལ་བོར་ཡོད། ཀརྨ་བླ་བྲང་གི་ཡོངས་ཁུངས་དངུལ་སྒོར་གཅིག་ཚུན་ལའང་རྩིས་ཁྲ་ཡོད་པ་ཞིག་རེད།

མ་ཚད་བླ་བྲང་ནང་ཧིན་སྒོར་ལས་རྒྱ་ཁབ་གཞན་གྱི་དངུལ་སྒོར་ཉར་ཆོག་མིན་སྐོར་སྐད་ཆ་བྱུང་ཡོད། ཉིན་ལྟར་༧ཀརྨ་པ་མཆོག་ལ་མཇལ་ཁ་བཅར་མཁན་མང་པོ་ཞིག་ཡོད་པ་རེད། བླ་བྲང་གི་ཕྱི་ལོགས་སུ་སྒོ་བྱང་ཞིག་འཛུགས་ནས་ཧིན་སྒོར་ལས་རྒྱ་ཁབ་གཞན་གྱི་དངུལ་སྒོར་མ་འབུལ་རོགས་ཞེས་བྲིས་ན་འགྲིག འོན་ཀྱང་ཁག་ཅིག་གིས་འབུལ་བའི་དངོས་པོ་རྣམས་རས་ཐུམ་དང་ཤོག་སྒམ་ལ་སོགས་པའི་ནང་བླུགས་ནས་ཁྱེར་ཡོང་གིན་ཡོད། དེ་དག་ནང་ཧིན་སྒོར་དང་ཕྱིའི་སྒོར་མོ་ག་རེ་ཡིན་མིན་སུས་ཤེས་ཀྱི་རེད་ཅེས་གསུངས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།