བཀའ་ཁྲིའི་འོས་མི་གསུམ་དང་དྲི་བ་དྲིས་ལན་གནང་བ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡ཉིན། ཟླ་འདིའི་ཕྱི་ཚེས་༣༡རེས་གཟའ་ཟླ་བ་ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་ལྟར་བཙུན་དགོན་སྒྲོལ་མ་གླེང་དུ་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་དང་མི་མང་བར་དྲི་བ་དྲིས་ལན་གྱི་བགྲོ་གླེང་ཞིག་ཚོགས་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་ཐོག་བཀྲ་ཤིས་དབང་འདུས་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བློ་བཟང་སེང་གེ་བཅས་བཀའ་ཁྲིའི་འོས་མི་གསུམ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་ཁག་ཅིག དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་གསར་ཁང་ཁག་གི་འཐུས་མི། ནོར་གླེང་མི་མང་བཅས་མཉམ་ཞུགས་གནང་འདུག

བུད་མེད་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཚོགས་པ་དང་གསར་ཁང་ཁག་གི་དྲི་བ་གཏན་འབེབས་བྱས་ཟིན་པ་ལྟར། འཐུས་མི་ ༡༢ཙམ་ལ་དམིགས་བསལ་གྱིས་དྲི་བ་འདོན་པའི་གོ་སྐབས་སྤྲད་ཡོད་པ་དང༌། འཐུས་མི་རྣམས་ཀྱིས་བོད་རྒྱ་ཞི་མོལ་དང༌། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་སྲིད་ཇུས་གང་འདྲ་འཛིན་འཆར་ཡོད་པའི་སྐོར་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། རང་རེ་བོད་ཀྱི་དོན་གྱི་བདག་པོ་དེ་བོད་ནང་གི་བོད་མི་ཚོ་ཡིན་པ་ཀུན་གྱིས་ངོས་འཛིན་གནང་གི་ཡོད་པ་ལྟར། གཞིས་ལུས་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་དང་ཁོར་ཡུག་ཉམ་ཆགས་སོགས་ཀྱི་གནད་དོན་སེལ་བར་བཀའ་ཁྲིའི་འོས་མི་རྣམས་ལ་དགོངས་འཆར་ག་རེ་ཡོད་པའི་སྐོར་སོགས་དྲི་བ་དྲིས་ལན་གནང་རྗེས།  མཇུག་གི་དུས་ཚོད་ཐུང་ཐུང་གི་ཞིག་གི་ནང་དུ་མང་ཚོགས་ཁྲོད་ནས་མི་བཞི་ཡིས་དྲི་བ་དྲིས་ལན་གནང་ཡོད་པ་དང༌། དེའི་ནང་ནས་དྲི་བ་འདོན་མཁན་ཞིག་གིས་འོས་མི་བཀྲ་ཤིས་དབང་འདུས་ལགས་ལ། ཁྱེད་རང་དང་ཐོག་བཀའ་ཁྲིའི་འོས་མིའི་ནང་དུ་ཞུགས་རྒྱུ་མིན་ཞེས་བཤད་ཡོད་པ་དང༌། རྗེས་སུ་ཡང་ཞུགས་རྒྱུ་ཡིན་ཞེས་བརྗོད་པ་དེ་ལ་སྤྱི་ཚོགས་ཐོག་གླེང་སློང་སྣ་ཚོགས་ཤིག་ཡོད་པས་དེའི་སྐོར་གསལ་བཤད་ཅིག་གནང་རོགས་ཞེས་བརྗོད་པར། ཁོང་གིས་དེའི་སྐོར་གསལ་བཤད་གནང་དོན། དེ་སྔོན་དབུས་གཙང་ཆོལ་ཁ་དང༌། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཚོགས་སྡེ་ཁག་དང༌། མི་སྒེར་བཅས་ཀྱིས་རེ་སྐུལ་གནང་ཡོད་ན་ཡང༌། སྔོན་འགྲོའི་འོས་གཞི་གསལ་བསྒྲགས་མ་བྱས་གོང༌། ངས་བཀའ་བློན་ཁྲི་པའི་འོས་མིར་སྡོད་རྒྱུར་ཚོགས་པ་དང་མི་སྒེར་སུ་གཅིག་ལའང་མོས་མཐུན་ཞུས་མེད། འོན་ཀྱང་སྔོན་འགྲོའི་འོས་བསྡུ་མ་བྱས་གོང་ལའང་འགྲེལ་བཤད་རྒྱག་རྒྱུ་བྱུང་ལ། ཁོ་ཚོ་ཁག་ཅིག་གིས་གལ་སྲིད་སྔོན་འགྲོའི་འོས་བསྡུ་ནང་མི་མང་གིས་འོས་བླུག་འདུག་ན་ཞེས་འོས་མིར་སྡོད་རྒྱུ་ཡིན་མིན་སྐོར་དྲིས་བྱུང་བས། ངོས་ཀྱིས་དེ་ནི་མི་སྲིད་པ་ཞིག་རེད། ངོས་རང་གིས་སྔོན་འགྲོའི་འོས་མིའི་ནང་སྡོད་རྒྱུ་མིན་ཞེས་ལབ་ཚར་དུས་འོས་བླུགས་མཁན་ཞིག་ཡོང་གི་མ་རེད། གལ་སྲིད་འོས་བླུག་འདུག་ན་མི་སྲིད་པ་ཞིག་གནས་ཚུལ་ཐོན་དུས་དེར་བསམ་བློ་གཏོང་རྒྱུ་རེད་ལ། གཉིས་ནི་འོས་བསྡུ་ལྷན་ཁང་གིས་འོས་མིར་བཏོན་འདུག་ན་འོས་མིར་སྡོད་རྒྱུ་མིན་ཞེས་ཞུ་རྒྱུ་མིན་ཞེས་ཤོད་རྒྱུ་བྱུང༌། དངོས་གཞིའི་ནང་ངོས་ལ་མི་མང་གིས་འོས་ཤོག་བླུགས་ནས་འོས་བསྡུ་ལྷན་ཁང་གིས་ཀྱང་འོས་མི་༦ཁོངས་ནས་བཏོན་གནང་ཡོད་པ་རེད། དབུས་འོས་བསྡུ་ལྷན་ཁང་གིས་ངོས་རང་འོས་མིར་བཏོན་ཚར་དུས་ངོས་རང་ཕྱིར་འཐེན་བྱས་པ་ཡིན་ན་བདེ་པོ་ཞིག་མི་འདུག གང་ཡིན་ཟེར་ན། དེ་སྔོན་རང་ཉིད་ཀྱིས་ཀྱང་མི་གཞན་ལ་མི་མང་གིས་འོས་བླུགས་ཚར་དུས་ཕྱིར་འཐེན་བྱ་རྒྱུ་ཡོད་པ་མ་རེད་ཟེར་མཁན་ཞིག་ཡིན། མི་གཞན་ལ་དེ་འདྲ་ལབ་པ་དང་རང་ཐོག་ཏུ་བབས་དུས་མིན་ལབ་པ་ཡིན་ན་ཏག་ཏག་ཅིག་བསྡད་ཀྱིན་མི་འདུག

ཡང་ཁག་ཅིག་གིས་སྐུ་ངོ་འཇུ་ཆེན་གྱིས་སྐུལ་སློང་བྱས་པ་རེད། ངོས་ཀྱི་སྐོར་སྐྱོད་ཀྱི་འགྲོ་སོང་སྐུ་ངོ་འཇུ་ཆེན་གྱིས་གཏོང་གིན་ཡོད་པ་རེད་ཟེར་བའི་སྐད་ཆ་དེ་ཚོར་བདེན་པ་རྩ་བ་ནས་མ་རེད། མ་ཚད་ངོས་བཀའ་ཁྲིར་ལངས་པ་དེ་བཀའ་ཟུར་བཀྲས་མཐོང་གིས་འོས་ཤོག་བཀོག་རྩིས་བྱེད་ཀྱིན་ཡོད་པ་རེད། གང་ཡིན་ཟེར་ན། བློ་བཟང་སེངྒེའི་སྐུ་ཟླ་དེ་ངོས་ཀྱི་གཉེན་ཚན་ཞིག་རེད་ཅེས་ཤོད་བཞིན་ཡོད་ས་རེད། དེ་ཚོའང་བདེན་པ་རྩ་བ་ནས་མ་རེད། ངོས་རང་ཉིད་ཀྱིས་ཐག་བཅད་ནས་འོས་མིར་ལངས་པ་ཞིག་ལས་གཞན་སུ་ཅིག་གིས་ཀྱང་སྐུལ་སློང་བྱས་པ་ཞིག་མིན་ཞེས་འགྲེལ་བརྗོད་གནང་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༠༤༢༠༡༡༠༠༣༢
སྐུ་ངོ་བཀྲིས་དབང་འདུས་ཀྱི་གསལ་བཤད་དེ་ལས་དྲང་ཚུགས་ཤིག་མངོན་འདུག།



བརྗོད་གཞི་གཞན་ཁག་ལ་གཟིགས།