རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་པའི་རྒྱུ་མཚན་༥ཡོད།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༣༡ཉིན། ཁ་སང་རེས་གཟའ་ཉི་མའི་ཉིན་དྷ་ས་རྒྱུད་སྟོད་དགོན་པའི་ནང༌། ༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང༌། སྐབས་དེར་ཁོང་ཉིད་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ཁག་༥ཙམ་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད།

དེ་ཡང་ཉེ་ཆར་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་བླ་བྲང་གི་སྒོར་མོ་སྐོར་གྱི་དོན་རྐྱེན་དང༌། གང་ཉིད་རྒྱ་ནག་གི་སོ་པ་རེད་ཟེར་བའི་གནད་དོན་དེའི་ཐོག ཁ་སང་ཕྱི་ཚེས་༣༠ཉིན་གང་ཉིད་ཀྱི་བཞུགས་གནས་རྒྱུད་སྟོད་གྲྭ་ཚང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཡིག་ཐོག་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། སྐབས་དེར་༧རྒྱལ་དབང་ཀརྨ་པ་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཀརྨ་སྟོབས་ལྡན་ལགས་དང༌། བོད་གཞུང་དཔལ་འབྱོར་ལྷན་ཁང་གི་བཀའ་བློན་ཚེ་རིང་དོན་གྲུབ། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས། ནཱ་རི་ཤིས་མཱ་དྷུར། བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༥ཡི་སྐུ་ཚབ་བཅས་མཉམ་ཞུགས་བྱས་ཡོད།

ཉེ་ཆར་དམིགས་བསལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་ནང༌། ༧རྒྱལ་བ་ཀརྨ་པ་རིན་པོ་མཆོག་ནི་རྒྱ་ནག་གི་གསང་མྱུལ་ཡིན་ཚུལ་ཤོིད་བཞིན་ཡོད་པ་དང༌། ཐེངས་འདིའི་གསར་འགོད་གསལ་བསྒྲགས་དེའི་ཐོག་བོད་པའི་གསར་འགོད་པ་དང༌། དམིགས་བསལ་རྒྱ་གར་གྱི་གསར་འགོད་པ་ཧ་ཅང་མང་པོ་འདུ་འཛོམས་བྱས་ཡོད་སྟབས། ༧རྒྱལ་དབང་ཀརྨ་པའི་སློབ་སྟོན་པ་ཀརྨ་སྟོབས་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བའི་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཡིག་ཐོག་གསལ་བསྒྲགས་དེའི་ནང༌། ཁོང་ཉིད་རང་ཉིད་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ཁག་༥བགྲངས་ཡོད།

རྒྱུ་མཚན་དང་པོ། དེ་སྔོན་རྒྱ་ནག་གཞུང་གིས་ཁོང་ཉིད་ལ་གནོན་ཤུགས་ཡང་ཡང་སྤྲད་ནས། ༧གོང་ས་མཆོག་ལ་ཁ་གཏད་དང་མཚན་སྨད་ཞུ་བཅུག་པ་དང༌། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་ཟེར་བ་དེར་རྒྱབ་སྐྱོར་དགོས་ལུགས་བཅས་བཙན་བཀའ་གཏོང་གིན་ཡོད་སྟབས། ཁོང་ཉིད་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་འདོད་མེད་པའི་རྒྱུ་མཚན་གྱིས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ཡིན་ཞེས་གསུངས་ཡོད།

གཉིས་པ། ཆོས་ཕྱོགས་ལ་བསླབ་པ་དང་སློབ་གཉེར་མཐར་ཕྱིན་པ་ཞིག་གནང་ཆེད་དང༌། གཙོ་བོར་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་དང་ཀརྨ་པ་སྐུ་ཕྲེང་༡༦པའི་དབང་ལུང་མན་ངག་ཆ་ཚང་ཞིག་འཐོབ་པར། བླ་མ་དང་སྐྱེས་ཆེན་དམ་པ་ཚང་མ་རྒྱ་གར་ནང་ཡོད་པ་རེད། ཁོང་ཚོ་བོད་ནང་ལ་ཚུར་ཕེབས་ནས་སློབ་སྦྱོང་སྤྲོད་པའི་གོས་སྐབས་ཤིག་མེད་དུས། ཆོས་ཕྱོགས་ཀྱི་སློབ་གཉེར་མུ་མཐུད་ནས་མཐར་ཕྱིན་པ་ཞིག་གནང་ཆེད་རྒྱ་གར་ལ་བཙན་བྱོལ་ཡོང་རྒྱུའི་སེམས་ཐག་བཅད་པ་ཞིག་ཡིན་ཞེས་གསུངས་ཡོད།

གསུམ་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་དང༌། ཁོང་གིས་བཀའ་སློབ་དང་བྱིན་རླབས་འཐོབ་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་ཡོད།

བཞི་པ། ༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་གོང་མའི་མཛད་པ་ཆ་ཚང་རྒྱ་གར་དང་འབྲས་ལྗོངས་སུ་བསྐྱངས་ཡོད་པ་དང༌། འབྲས་ལྗོངས་སུ་ཡོད་པའི་རོང་རྟིང་དགོན་པ་ནི་ཁོང་ཉིད་ཀྱི་དགོན་པ་གཙོ་བོ་དེ་ཆགས་ཡོད་པ་བཅས་དེའི་སྐོར་གནས་ཚུལ་མང་པོ་ཞིག་ཐོས་དུས། རྒྱ་གར་ལ་ཡོང་ནས་ས་ཆ་དེར་ཕེབས་འདོད་ཆེན་པོ་ཡོད་པ་དང་། ད་དུང་སྐུ་གོང་མས་རྒྱ་གར་ཙམ་མ་ཟད། འཛམ་བུ་གླིང་གི་ས་ཕྱོགས་གང་སར་ཕེབས་ནས་ནང་ཆོས་དར་སྤེལ་བཏང་བ་དང༌། འཛམ་གླིང་གི་ས་ཕྱོགས་གང་སར་ཀརྨ་བཀའ་བརྒྱུད་པའི་ཆོས་ཚོགས་ལྟེ་གནས་ཡོད་སྟབས། ཀརྨ་པ་སྐུ་ཕྲེང་༡༦པའི་མཛད་འཕྲིན་དེའི་སྒང་ནས་མུ་མཐུད་མཇུག་སྐྱོང་རྒྱུ་བཅས་ཡིན།

ལྔ་པ། རྒྱ་གར་ནི་བོད་དང་མི་འདྲ་བ་རང་དབང་གི་ལུང་པ་ཞིག་ཡིན་པ་དང༌། ཆོས་ལུགས་རང་དབང་ལ་བཙན་གནོན་གཏོང་ཆོག་གིན་མེད་པ་བཅས་ལ་བརྟེན། བླ་མ་དང་དགེའི་བཤེས་གཉེན་དེ་དག་གི་དྲུང་ནས་རང་དབང་གི་ཆོས་གསན་བསམས་གནང་ནས། འཛམ་བུ་གླིང་གི་རྒྱལ་ཁབ་གཞན་ལའང་ནང་ཆོས་དེར་སྤེལ་བཅས་གཏོང་ཆེད་རྒྱ་གར་ལ་བཙན་བྱོལ་ཡོང་བ་ཞིག་ཡིན། དེ་ནི་ངོས་ཀྱི་རྒྱ་གར་ལ་བཙན་ཡོལ་དུ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན་ཆགས་ཡོད་ཅེས་གསུངས་ཡོད།

ཡང་གསར་འགོད་གསལ་བསྒྲགས་དེའི་ཐོག ཁོང་ཉིད་ཐོག་མར་རྒྱ་གར་དུ་བཙན་བྱོལ་ཡོང་སྐབས། རྒྱ་གར་གཞུང་མང་གཉིས་ཀྱིས་སྐྱབས་བཅོལ་བའི་ཐོབ་ཐང་གནང་ཡོད་པ་དེར། རྗེས་སུ་ཡི་རངས་ཞུ་རྒྱུ་དང༌། མ་འོངས་པར་ཡང་དྲན་གསོ་ཞུ་རྒྱུ་ཡིན། དེར་བརྟེན་རྒྱུན་དུ་རྒྱ་གར་གཞུང་མང་གི་བདེ་སྡུག་ལ་སྨོན་ལམ་རྒྱག་ཡ་དང༌། མ་འོངས་པར་ལ་ཡང་མུ་མཐུད་ནས་སྨོན་ལམ་རྒྱག་རྒྱུ་ཡིན།  ད་ལྟ་བར་དུ་རྒྱ་གར་ནང་སྡོད་པའི་རིང་ལ་རྒྱ་གར་གྱི་ཁེ་ཕན་ལ་གནོད་པའི་ལས་སྣེ་གཅིག་བརྩམས་མྱོང་མེད་ལ། རྒྱ་གར་ནང་སྡོད་རྒྱུ་བྱུང་བ་སྐྱིད་པོ་འདུག རྒྱ་གར་ནི་ངོས་ཀྱི་ཁྱིམ་གཞིས་གཉིས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད།

དེ་རྗེས་བཙན་བྱོལ་བོད་མིའི་ཚོགས་པ་ཁག་མང་པོ་ཞིག་གིས་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པའི་གསལ་བསྒྲགས་སོགས་གནང་ཡོད་ལ། དེ་བཞིན་ཟླ་འདིའི་ཚེས་༢༧དང་༢༨བཅས་ལ་རྒྱ་གར་གྱི་ཉེན་རྟོག་པས་གང་ཉིད་ཀྱི་བཞུགས་ཡུལ་སྔོག་བཤེར་དང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་གང་ཉིད་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་སོགས་བརྗོད་པར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་སེམས་ཕམ་ཚད་མེད་བྱུང་ཡོད། ༧རྒྱལ་དབང་ཀརྨ་པ་མཆོག་ནི་རྒྱ་ནག་དང་འབྲེལ་བ་ཡོད་ཚུལ་བརྗོད་པ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་ཆགས་ཡོད་པ་རེད།

༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་ཀརྨ་བཀའ་བརྒྱུད་པའི་དབུ་ཁྲིད་ཁོ་ན་ཙམ་མ་ཡིན་པ་འཛམ་གླིང་གི་ནང་པ་ཚང་མའི་དབུ་ཁྲིད་ཅིག་ཆགས་ཡོད། གང་ཉིད་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ༧རྒྱལ་དབང་ཀརྨ་པ་པ་སྐུ་ཕྲེང་༡༦པའི་ཡང་སྲིད་ངོས་འཛིན་གནང་བ་ཞིག་དང༌། ཁོང་ཉིད་ཀྱི་ཡང་སྲིད་ངོས་འཛིན་དེ་ཡང་ལོ་ངོ་༩༠༠ཙམ་གྱི་ལོ་རྒྱུས་ལྡན་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ནང༌། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་རེད་ཟེར་བའི་སྐད་ཆ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང༌། ང་ཚོས་ནམ་ཡང་ཁོང་ཉིད་ལ་དད་པ་དང་ཡིད་ཆེས་གཙང་མ་ཡོད་ཅེས་བསྒྲགས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།