༧གོང་ས་མཆོག་ནི་མཛའ་བརྩེ་དང་ཞི་བདེའི་དཔེ་མཚོན་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༤ཉིན། ཟླ་བ་འདིའི་ཚེས་༣༠སྟེ་རེས་གཟའ་ཉི་མའི་ཉིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷན་ལོ་རུ་ཡོད་པའི། བྷན་ལོ་ཇོ་སི་པཱ་ཚན་རིག་དང་སྒྱུར་རྩལ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་དགེ་སློབ་རྣམས་ལ་གསུང་བཤད་དང་བཀའ་སློབ་གནང་རྒྱུ་ཡིན་འདུག

གཞན་ཡང་རེས་གཟའ་སྤེན་པ་ཉིན་བྷན་ལོ་ནས་བར་ཐག་སྤྱི་ལེ་༥༠༠ཙམ་གྱི་མཚམས་སུ་ཡོད་པའི་ཅི་ཏར་དྷུ་གྷ་རུ། སྔོན་མ་ཀཱ་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ནིད་ཇཱ་ལིན་གྷ་པའི་རྗེས་དྲན་མཛད་སྒོ་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ལུགས་བཙན་བྱོལ་བོད་གཞུང་གི་ལྷོ་སྤྱི་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།  སྐུ་ཞབས་ནིད་ཇཱ་ལིན་གྷ་པ་མཆོག་ནི་ཕྱི་ལོ་༡༩༠༢ལོའི་ཟླ་༡༢པའི་ཚེས་༡༠ཉིན་སྐྱེས་ཤིང༌། ཕྱི་ལོ་༢༠༠༠ལོའི་ཟླ་༨པའི་ཚེས་༨ཉིན་འདས་གྲོངས་སུ་ཕྱིན་པ་རེད། ཁོང་ནི་ཕྱི་ལོ་༡༩༥༦ནས་༡༩༥༨བར་དང་སླར་ཡང་ཕྱི་ལོ་༡༩༦༢ནས་༡༩༦༨བར་རྒྱ་གར་ལྷོ་ཕྱོགས་ཀཱ་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས། ཁོང་ནི་ཀཱ་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐོག་མ་དང༌། བོད་མི་རྣམས་ལ་ཀཱ་ཎ་ཊ་ཀ་མངའ་སྡེའི་ནང་གཞིས་ཆགས་ཀྱི་མཐུན་འགྱུར་གནང་མཁན་གཙོ་བོ་དེ་ཡིན།

ཕྱི་ཚེས་༣༠ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་གི་མདུན་ཐང་དུ་ཀ་ཎ་ཊ་ཀ་མངའ་སྡེའི་བྷན་ལོ་ཐེག་པ་ཆེན་པོའི་སྲོལ་རྒྱུན་རྒྱུད་འཛིན་ཚོགས་པས་གོ་སྒྲིག་ལྟར། མགོན་པོ་གང་ཉིད་ཀྱིས་༼དཀའ་ཚེགས་ཆེ་བའི་དུས་ཚོད་ནང་བདེ་སྐྱིད་འཚོལ་སྟངས་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

ཇོ་སི་པཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་མཁས་དབང་ཨེམ་བྷོར་སི་པིན་ཏོ་མཆོག་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གཉེར་ཁང་འདིར་གདན་ཞུ་གནང་དགོས་པའི་རྒྱུ་མཚན་བཅས་བཀའ་འདྲི་ཞུས་སྐབས། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིར་ཞི་བདེ་དང་མཛའ་བརྩེའི་དཔེ་མཚོན་ཅན་གྱི་འཛམ་གླིང་ཡོངས་ཁྱབ་ཀྱི་དབུ་ཁྲིད་ཅིག་རེད། ང་ཚོའི་མཐོ་རིམ་སློབ་གཉེར་ཁང་འདི་ནི། ཕོ་མོ་དང༌། རིགས་རུས། ཤ་མདོག རིགས་བརྒྱུད། རྒྱལ་འབངས་བཅས་དབྱེ་མེད་ཀྱི་ཚོགས་སྡེ་ཞིག་ཡིན་པ་དང༌། ད་ལྟའི་ཆར་བོད་རིགས་སློབ་མ་༡༡༦ཙམ་གྱིས་སློབ་གཉེར་ཁང་འདིའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ཅེས་དང༌། ཡང་ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་ནི། དྲག་སྤྱོད་དང་བཙན་གནོན་ལ་ངོ་རྒོལ་སྐྱོན་བརྗོད་དང༌། ཁོང་ནི་དེ་ལྟ་བུའི་དབུ་ཁྲིད་ཅིག་ཡིན་པའི་ངོས་འཛིན་བཅས་གསལ་སྟོན་བྱས་པ་ཞིག་ཆགས་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་ཡོད།

དེ་ཉིན་སྔ་ཕྱི་མཛད་སྒོ་ཁག་གཉིས་ཀའི་ཐོག་མགོན་པོ་གང་ཉིད་ནས་མི་མང་ཚང་མར་ཡོངས་ཁྱབ་བཀའ་སློབ་གནང་རྒྱུ་དང༌། དགོངས་མོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱ་ཆེ་ཤོས་ཤིག་ཡིན་པའི་མོན་གྷོ་རུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ལུགས་ལྷོ་སྤྱི་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་མཆོག་གིས་འགྲེལ་བརྗོད་གནང་ཡོད།

རྒྱ་གར་ལྷོ་ཕྱོགས་བྷན་ལོར་ནས་སློབ་མ་བསྟན་དར་ཚེ་རིང༌གིས་གནས་ཚུལ་མཁོ་སྤྲོད་གནང་། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།