ཧིན་བོད་མི་རིགས་གཉིས་མཉམ་འབྲེལ་གྱིས་བོད་དོན་གླེང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཟླ་འདིའི་ཕྱི་ཚེས་༢༢ཉིན། ཉེ་ཆར་རྒྱ་གར་གྱི་གྲོང་འཁྱེར་ཨོ་རན་གྷ་བྷ་ཌི་ནང་གསར་དུ་བཙུགས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད་པ་དང༌། སྐབས་དེར་ཨོ་རན་གྷ་བྷ་ཌི་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་༤༠༠ལྷག་འདུ་འཛོམས་བྱུང་ཡོད་འདུག

དེའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་རུ་བཀོད་པ་ལྟར་ན།

ཧིན་བོད་མཛའ་འབྲེལ་གྱི་ཚོགས་ཆེན་ཐོག་བོད་ནང་གི་གནས་སྟངས་དང་ལྷག་པར་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་ཀྱི་སྐོར་ལ་ཞིབ་ཕྲ་བགྲོ་གླེང་བྱས་ཡོད་པ་དང༌། སྐབས་དེར་སྤྱི་འཐུས་རྒྱུན་ལས་ངག་དབང་ལྷ་མོ་ལགས་ཀྱིས་བོད་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེས། རྒྱ་གར་ཐེ་བས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པའི་སྐོར་སོགས་ངོ་སྤྲོད་ཟབ་རྒྱས་གནང་བ་དང༌། དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཇི་འདྲ་ཡིན་མིན་སྐོར་སོགས་ལའང་གསལ་བཤད་གནང་་ཡོད་འདུག །

ཡང་ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་ཚོགས་འདུ་ཚོགས་སྐབས། བོད་ཀྱི་ཁོར་ཡུག་གནད་དོན་དེ་བོད་ཁོ་ན་ཙམ་མིན་པར་ཁྱིམ་མཚིས་རྒྱལ་ཁབ་ཁག་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་པའི་སྐོར་སྤྱི་ཚོགས་ལས་འགུལ་བ་ཇེ་ཊི་ལའི་ལགས་ཀྱིས་བརྗོད་དོན། རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་རྒྱག་བཞིན་པ་སོགས་ལ་ངོ་རྒོལ་མ་བྱས་ན། ཉིན་མ་ཞིག་ལ། རྒྱ་གར་བྱང་ཤར་ཁུལ་ཡོངས་རྫོགས་བྱེ་ཐང་དུ་འགྱུར་ཉེན་འདུག་ཅེས་དང༌། ཡང་ཁོ་མོས། རྒྱ་གར་རྒྱལ་ཡོངས་ཀྱི་ཁེ་ཕན་ངོས་ནས་བལྟས་ཡོང་ན། བོད་ཀྱི་འབྲོག་པའི་རྩྭ་ཐང་དང་རང་བྱུང་ཆུ་ཁུངས་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་ཞིག་རེད་ཅེས་བརྗོད་འདུག

ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་བརྒྱུད་ཚོགས་བཅར་བ་སོ་སོ་ནས་རྒྱ་གར་ཡུལ་མི་རྣམས་ཀྱི་ས་གནས་དང་རྒྱ་གར་དབུས་སྲིད་གཞུང་ལ་རྒྱ་ནག་གཞུང་དང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དབར་བགྲོ་གླེང་བྱེད་རྒྱུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་དགོས་ཚུལ་གྱི་བསམ་ཆར་ཡང་བཏོན་པ་དང་ཡོད་པ་སྦྲགས། བོད་ཀྱི་གནད་དོན་སེལ་ཆེད་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པ་རྣམས་ནི།

༡༽ གྲོང་ཁྱེར་ཨོ་རན་གྷ་བྷ་ཌིའི་ནང་ཧིན་བོད་མཛའ་འབྲེལ་གྱི་ཚོགས་པ་གསར་འཛུགས་བྱ་རྒྱུ།

༢༽ བོད་ཀྱི་གནད་དོན་ཁྱབ་བརྡལ་ཆེད་ལས་འགུལ་འདྲ་མིན་སྤེལ་རྒྱུ།

༣༽ མ་ཧཱ་རཱཤ་ཊའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་འཛུགས་བྱ་རྒྱུ་བཅས་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕྱོགས་བསྡུས་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།