མི་ཞིག་ཡིན་ན་སོ་སོར་ཁེ་དབང་གང་ཡོད་པ་ཤེས་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༡ཉིན། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་༡༩༥༠ལོ་ནས་༡༩༨༦ ལོའི་བར་དུ་སྐྱེས་པའི་བོད་རིགས་སྐྱབས་བཅོལ་བ་ཚང་མར་རྒྱ་གར་གྱི་མི་སེར་ཐོབ་ཐང་ཡོད་ཅེས་གཏན་འབེབས་བྱས་ཡོད་འདུག

ཉེ་ཆར་ཧིན་རྡུ་དུས་བབ་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་༢༥ཡིན་པའི་བོད་པའི་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ཟེར་བ་ཞིག་གིས་རྒྱ་གར་གྱི་ཁྲིམས་ཁང་ནང་ལོ་གཅིག་དང་ཟླ་བ་གསུམ་ལྷག་ལ་མི་སེར་གྱི་ཐོབ་ཐང་དགོས་པའི་གཏུག་བཤེར་བྱས་རྗེས། ཟླ་སྔོན་མའི་ནང་དུ་ལྡི་ལི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཞིབ་བྱས་པ་བརྒྱུད་ཁོ་མོར་མི་སེར་གྱི་ཐོབ་ཐང་རག་ཡོད་པ་དང༌། སྐབས་དེར་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བརྗོད་དོན། ངའི་སེམས་ཁོང་ན་དུས་རྟག་ཏུ་རང་ཉིད་བོད་པ་ཞིོག་ཡོད་པའི་འདུ་ཤེས་ཡོད་ཀྱང༌། ད་ལྟ་ང་རྒྱ་གར་གྱི་སྤྱི་མང་ཞིག་ཆགས་ཡོད་ལ། མི་ཞིག་ཡིན་ན་ངེས་པར་དུ་སོ་སོར་ཁེ་དབང་ག་རེ་ཡོད་པ་ཤེས་དགོས་པ་རེད་བསམ་གྱི་ཡོད། ངས་རང་ཉིད་ཀྱི་ཁེ་དབང་ངོས་ཟིན་ཏེ་ད་ལྟ་ང་ལ་སོ་སོའི་ཁེ་དབང་དེ་ཐོབ་པ་རེད་ཅེས་བརྗོད་འདུག

ཡང་ཁོ་མོའི་ཁྲིམས་རྩོད་པ་སུ་ཝ་མའི་ལགས་ཀྱིས་བརྗོད་དོན། རྣལ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཞུ་གཏུག་འདིས་རྒྱ་གར་ནང་མི་སེར་ཐོབ་ཐང་མ་རག་པར་དཀའ་ངལ་མྱོང་བཞིན་པའི་བོད་རིགས་སྐྱབས་བཅོལ་བ་ཚང་མར་ཕན་ཐོགས་ཡོང་བའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་པ་ལྟར། གོང་རིམ་ལ་ཞུ་གཏུག་བྱས་ཡོད་ཀྱང་ལོ་༡འགོར་རྗེས་ད་དུང་གོ་ཐོས་ཅི་ཡང་མ་བྱུང་བས་ང་ཚོས་བཅའ་ཁྲིམས་གསར་བསྒྲགས་ཡི་གེ་ཞིག་འགྲེམས་སྤེལ་བྱས་པ་ཡིན། ཡིན་ནའང་བརྡ་ལན་གང་ཡང་མ་འབྱོར་བས་མཐའ་མ་ལྡི་ལི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་མི་བྱེད་ཐབས་མེད་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག

སྤྱིར་རྒྱ་གར་དབུས་གཞུང་གི་སྤྱི་མང་བཅའ་ཁྲིམས་ཀྱི་ནང་དུ། ཕྱི་ལོ་༡༩༥༠ ཟླ་༡ ཚེས་༢༦ ནས་༡༩༨༦ལོའི་ཟླ་༡༡ཚེས་༢༨བར་དུ་རྒྱ་གར་ནང་སྐྱེས་པའི་མི་ཡིན་ན་མི་སེར་གྱི་ཐོབ་ཐང་ཡོད་ཅེས་བཀོད་ཡོད་པ་ལྟར། བོད་པའི་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལགས་ནི་༡༩༨༦ ཟླ་༤ ཚེས་༡༣ ཉིན་ཀང་རར་སྐྱེས་པ་དང་རྒྱལ་ས་ལྡི་ལི་རུ་འཚར་ལོང་བྱུང་བ་ཞིག་ཡིན་ལ། ༢༠༠༨ལོའི་ཟླ་༣ནང་དུ་ཁོ་མོས་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོ་རྒྱུར་སྙན་ཞུ་བརྒྱབ་ཡོད་ཀྱང་ཕ་མ་གཉིས་བོད་རིགས་ཡིན་པའི་རྒྱུ་མཚན་དྲངས་སྟེ། ༢༠༠༩ལོའི་༩་ཚེས་༡ལ་སྙན་ཞུ་ཕྱིར་སློག་བྱས་ཡོད་འདུག

རྗེས་སུ་ལྡི་ལི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་བྱས་ནས་ཁོ་མོར་རྒྱལ་ཁ་ཐོབ་ཡོད་པ་དང་ཟླ་༢ཙམ་གྱི་ནང་དུ་མི་སེར་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་པ་མ་ཟད། སྙན་ཞུ་ཕྱིར་སློག་བྱས་པ་སོགས་ཁྲིམས་དང་མི་མཐུན་པར་བརྩིས་ནས་ཕྱི་སྲིད་བློན་ཆེན་ལ་ཧིན་སྒོར་༥༠༠༠ གི་ཆད་པ་བཅད་ཡོད་པ་རེད།

རྣམ་རྒྱལ་སྒྲོལ་དཀར་ལགས་ནི་བོད་རིགས་དཀྱུས་མ་ཞིག་མིན་པར་བོད་ཀྱི་རྒྱལ་རབས་༣༣པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རུས་རྒྱུད་དུ་སྐྱེས་པ་དང་མིང་སྲིང་བཞིའི་ནང་གི་ཆེ་ཤོས་དེ་ཡིན་པ་དང༌། ༢༠༠༤ལོའི་ཟླ་༦པར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོ་མོའི་གཅུང་པོ་རྣལ་རྒྱལ་དབང་ཕྱུག་ལགས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གདུང་རྒྱུད་དུ་ངོས་འཛིན་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།