དགོངས་ཚུལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༡ཟླ་༡ཚེས་༡༩ཉིན། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནི་ཕྱི་ལོ་༡༩༩༦ལོར་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང༌། དེ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཅིག་པུ་དེ་ཡིན་པ་རེད།

ལྟེ་གནས་ཁང་འདིས་རྒྱུན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱུད་ བོད་མིའི་ཐོབ་ཐང་སྐོར་ཞུ་གཏུག་བྱས་དང་བྱེད་བཞིན་ཡོད་ཅིང༌། གཞན་ཡང་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་དང་མང་གཙོའི་ལམ་སྲོལ་དང་འབྲེལ་བའི་གནད་དོན་ཁག་དྲིལ་བསྒྲགས་བྱེད་པ་སོགས་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུ་སྣ་མང་བསྒྲུབ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་བོད་མི་རིགས་བར་འདྲ་མཉམ་མ་ཡིན་པའི་ལག་བསྟར་རབ་དང་རིམ་པ་སྤེལ་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་པའི་གནས་སྟངས་ཁག་ལོ་ལྟར་སྙན་ཐོ་རུ་བཀོད་ནས་འགྲེམས་སྤེལ་གནང་བཞིན་ཡོད་པ་རེད།

སྤྱིར་འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཡིན་ལ། འདི་ནི་འཛམ་གླིང་གི་མི་མང་ཆེ་བས་མིའི་རིགས་སྤྱི་ཡོངས་ལ་ཡོད་པའི་ཁེ་དབང་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང༌། འགྲོ་བ་མིའི་ཐོབ་ཐང་ཟེར་བའི་ཐ་སྙད་དེ་གནའ་བོའི་ནུབ་ཕྱོགས་པའི་རིག་གཞུང་ཁྲོད་དུ་བྱུང་བ་ཞིག་ཡིན་ལ། ཕྱི་ལོ་༡༩༤༠ཡས་མས་ནས་བཟུང་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་བརྒྱུད་དེ་མང་ཁྲོད་དུ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང༌། ལྷག་པར་དུ་མང་གཙོའི་རྒྱལ་ཁབ་ཁག་གི་མི་མང་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཁེ་དབང་ཚད་མཐོན་པོས་ལོངས་སུ་སྤྱོད་པར་བརྩོན་ལེན་རིམ་པར་གནང་ཡོད་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་ཀྱང་མཐའ་གཅིག་ཏུ་སྤྱི་དམངས་ཀྱི་ཁེ་དབང་ལ་ཁ་ཡོད་ལག་ཡོད་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་སྤྱི་དམངས་ཀྱི་ཐོབ་ཐང་སྐོར་རབ་དང་རིམ་པ་བཀོད་ཡོད་ཀྱང་དེལས་ལྡོག་སྟེ་ལོ་རེ་ནས་ལོ་རེ་བཞིན་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

ཉེ་ཆར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་དུ་འགྲེམས་སྤེལ་བྱས་པའི་ལོ་འཁོར་སྙན་ཐོའི་ནང་དུ། ༢༠༡༠ལོའི་རྒྱ་གཞུང་གི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་འགྱུར་བ་གང་ཡང་བྱུང་མེད་པ་མ་ཟད། ལོ་རེ་བཞིན་གནས་སྟངས་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་དང༌། བོད་ནང་དུ་མི་མང་པོ་ཞིག་འཇུ་བཟུང་བྱས་རྗེས་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་ སོང་ཆ་མེད་དུ་གྱུར་པ་དང༌། བཙོན་ཁང་དུ་མནར་གཅོད་ཡ་ང་བ་བཏང་བ་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་སོགས་ཀྱིས་ནད་རིགས་སྣ་ཚོགས་བྱུང་ཞིང༌། སེམས་ཁམས་མི་བདེ་བ་སོགས་ཆགས་ནས་གནས་ཚུལ་ཚབས་ཆེན་བྱུང་བཞིན་ཡོད་ལུགས་དང༌། ༢༠༡༠ལོར་བོད་མི་མི་གྲངས་༡༨༨ཙམ་འཇུ་བཟུང་བཀག་སྐྱིལ་བྱས་ཡོད་པ་དང༌། བོད་མི་༧༡ཙམ་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་ལ།  ད་ལྟ་བོད་ནང་དུ་ལྟ་སྲུང་ཁང་དང༌། ངལ་གཅུན་ཁང༌། བཙོན་ཁང་སོགས་སུ་བཀག་ཉར་དང༌བཙོན་འཇུག་བྱེད་བཞིན་པའི་བོད་མི་ཆབ་སྲིད་བཙོན་མ་བསྡོམས་མི་གྲངས་༨༣༡ལྷག་ཡོད་པ་དང༌། དེའི་ནང་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན། དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་ཕོག་པ་མི་གྲངས་༣༦༠ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་བཀོད་འདུག

དེ་ཡང་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་རྩ་མེད་དུ་གཏོང་བ་དང༌། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བར་གྱུར་བའི་སྐད་ཡིག་གཉིས་རྩ་རྫོགས་བྱེད་པར་དམིགས་ནས་སློབ་གསོའི་ལམ་ལུགས་གསར་པ་གཏན་འབེབས་དང་བོད་ཀྱི་བྱིས་པ་ཚོར་ཆུང་དུས་ནས་དམར་ཤོག་གི་རིག་གནས་སློབ་གསོའི་ཕྱོགས་སུ་ཁ་ཕྱོགས་ཏུ་འཇུག་པ་དང༌། བོད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་ཚོར་བཙན་གནོན་སྣ་ཚོགས་བྱས་སྟེ་རང་མི་རིགས་ཀྱི་འདུ་ཤེས་དང་རིག་གནས། སྐད་ཡིག ༧གོང་ས་མཆོིག་ལ་དད་མོས་སོགས་ཡོད་ཚད་བློས་གཏོང་གིས་སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོར་འཛིན་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་ལ། དེ་ལས་ལྡོག་ཚེ། དཔེར་ན། ༢༠༠༨ལོ་ནས་བཟུང་བོད་ཀྱི་རྩོམ་པ་པོ་དང་ཟིན་བྲིས་བ། ཤེས་ཡོན་པ། རིག་གནས་ཀྱི་ལས་ཀ་གཉེར་མཁན་༦༠ལྷག་འཛིན་བཟུང་བྱས་ཡོད་པ་རེད།

ཕྱི་ལོ་༡༩༥༠ལོ་ནས་བཟུང༌། རྒྱ་ནག་གིས་བོད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་མང་གི་ཁེ་དབང་སོགས་ལ་རྩིས་མེད་རྡོག་རོལ་དུ་བཏང་དང་གཏོང་བཞིན་ཡོད་ལ། སྲིད་གཞུང་གི་ལས་ཁུངས་ཁག་ཏུ་བོད་རིགས་ལས་བྱེད་པ་ཧ་ཅང་ཉུང་ཉུང་ཡིན་པ་དང༌། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སས་གཙོ་བྱས་པའི་གྲོང་ཁྱེར་ཁག་གི་ལྟེ་བ་རུ་ཡོད་པའི་ཚོང་ཁང་དང་ཟ་ཁང་སོགས་ཕལ་ཆེར་བ་རྒྱ་རིགས་ཀྱིས་བཟུང་ཡོད་པ་དང༌། བོད་ཀྱི་ས་ཆ་གང་སར་རྒྱ་དམག་གིས་ཡོངས་སུ་བཟུང་ཏེ་བོད་རིགས་མི་མང་ལ་རྒྱ་ནག་གི་རྩ་ཁྲིམས་བསྒྲགས་ཡིག་དང་འགལ་བའི་བཙན་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང༌། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཟད། སོ་སོས་གཏན་འབེབས་བྱས་པའི་རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་མཐུན་དང་མང་གཙོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཞིག་ཀྱང་ཡོད་པ་མ་རེད། གོང་འོག་བར་གསུམ་དུ་དམར་པོའི་སྒེར་གཅོད་ལམ་ལུགས་ཀྱིས་ཡོངས་སུ་བཟུང་ཡོད་པ་དང༌། མི་མང་གིས་མཐའ་གཅིག་ཏུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གཞི་རུ་འཛིན་དགོས་པ་ལས། མི་རིགས་དང་མི་མང་གི་ཁེ་ཕན་སོགས་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་མེད་པའི་རྐྱེན་གྱིས་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་རྩ་མེད་དུ་འགྲོ་བཞིན་ཡོད་པ་ལྟར། བོད་མི་རིགས་ཀྱི་ངོ་བོ་ཡང་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་ལ། རྒྱའི་སྐད་ཡིག་གི་དབང་བསྒྱུར་འོག་ཏུ་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་མཁན་ཚོར་མཐོང་ཆུང་དང་མདུན་ལམ་མེད་པར་བཏང་ནས་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་བཙན་དབང་གིས་སྐུལ་འདེད་ཤུགས་དྲག་བྱེད་ཀྱི་ཡོད།

རྒྱ་ནག་གིས་ཕྱིའི་དཔལ་འབྱོར་གྱི་འཕེལ་རྒྱས་ཙམ་ལ་བརྟེན་ནས་རྒྱལ་ཕྱི་ནང་དུ་ལྐོག་ཇུས་འདྲ་མིན་འཐེན་བཞིན་ཡོད་ལ། ཨ་རིའི་གཞུང་ཚབ་ཀྱི་གསང་བའི་ཡིག་ཆའི་ནང་དུ་བཀོད་པ་ལྟར་ན། རྒྱ་ནག་གིས་བལ་གཞུང་ལ་ལྐོག་ངན་སྤྲད་དེ་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་རྣམས་འཛིན་བཟུང་དང་ཧི་མ་ཡ་ལའི་རི་རྒྱུད་ཀྱི་བོད་རིགས་རྣམས་ལ་གནོན་ཤུགས་འདྲ་མིན་སྤྲོད་རྒྱུར་ངན་སྐུལ་བྱེད་བཞིན་པ་སོགས་གསལ་པོར་བཀོད་ཡོད་པ་དང༌།

བོད་མི་རིགས་ཀྱི་འཕྲོད་བསྟེན་དང་སློབ་གསོ་སོགས་ཚུད་པའི་སྤྱི་ཚོགས་ཀྱི་ཁེ་དབང་ཡོད་ཚད་རྒྱ་ནག་གིས་ཚོང་ཟོག་ཙམ་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། དེ་ནི་རྒྱ་མི་རིགས་གནས་སྤོ་བྱེད་རྒྱུར་སྟབས་བདེ་བསྐྲུན་པ་ཁོ་ན་ཙམ་ལས་བོད་ཀྱི་སྤྱི་ཚོགས་འཚོ་བ་ལ་ཁེ་ཕན་ཡོད་པ་ཞིག་གཏན་ནས་མ་རེད། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་འཆམ་མཐུན་ཞེས་པའི་ཁ་གཡང་ཁྲོད་དུ་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་དམག་འབོར་ཆེན་གྲམ་ཏེ་བཀག་སྡོམ་དང་བཙན་གནོན་རིམ་པར་སྤེལ་བཞིན་ཡོད་ལ། ཉིན་ལྟར་དམར་གསོད་དང་དྲག་རྒོལ་སོགས་ཆད་མེད་དུ་འབྱུང་བཞིན་ཡོད་པ་རེད།

དེ་ཡང་ཆ་འཕྲིན་གྱི་དུས་རབས་འདིར། རྒྱ་གཞུང་གིས་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་བཀག་སྡོམ་དང་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ཕྱིར་ཤོར་བར་དོགས་ཟོན་ནན་མོ་བྱས་ནས་གསར་འགོད་པའི་རང་དབང་ལའང་བཙན་གནོན་སྣ་ཚོགས་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་ལ་མཚོན་ནས་བཤད་ན། རྒྱལ་ནང་གི་རླུང་བརྙན་འཕྲིན་དང་ཚགས་པར་སོགས་ཡོད་ཚད་སྲིད་གཞུང་གི་བཀའ་རྒྱའི་ནང་དུ་ཡོད་ལ། དམར་པོའི་ལངས་ཕྱོགས་དང་འགལ་བའི་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་གང་ཡིན་ནའང་མཐའ་གཅིག་ཏུ་བཀག་འགོག་བྱེད་བཞིན་པར་བརྟེན།  ཕྱི་ལོ་༢༠༠༨ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གསར་འགྱུར་རང་དབང་ལ་ཉམས་ཞིབ་བྱས་པ་བརྒྱུད་རྒྱ་ནག་ནི་གསར་འགྱུར་རང་དབང་ལ་བཀག་སྡོམ་དང་སྟངས་འཛིན་བྱེད་མཁན་ཚབས་ཆེ་ཤོས་ཀྱི་གྲས་སུ་ལྷུང་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང༌། དེ་བཞིན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་བྱེད་མཁན་གྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱི་ཡོད་ཀྱང༌། དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་ད་དུང་མུ་མཐུད་དུ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་སྔར་ལས་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་རྩོམ་སྒྲིག་པ་ཡི་ཤེས་ཆོས་བཟང་གིས་བྲིས་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།