དགོངས་ཚུལ།

སངས་རྒྱས་ཀྱི་གསུང་བོད་ཡིག་ནང་མེད་པ་དེ་འདྲ་ཏན་ཏན་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༢ཉིན། རྒྱལ་སྤྱིའི་བསྟན་འགྱུར་ཕབ་བསྒྱུར་ཚོགས་ཆེན་དེ་ཉིན་གྲངས་བཞིའི་རིང་ལ་བོད་ཀྱི་ཝ་ཎ་མཐོ་སློབ་ཏུ་་ཚོགས་ཡོད་ལ། སྐབས་དེར་༧གོང་ས་མཆོག་གིས་སངས་རྒྱས་ཀྱི་གསུང་རབ་བོད་ཡིག་ནང་མེད་པ་དེ་ཚོ་ངེས་པར་དུ་བོད་ཡིག་ནང་བསྒྱུར་དགོས་ཀྱི་འདུག་ཅེས་བཀའ་སློབ་གནང་ཡོད་འདུག

ཝ་ཎ་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁུ་ལིམ་པེ་ཡ་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་པཎ་གྲུབ་ ༡༧ གཙོ་བོར་གྱུར་བའི་རྒྱ་གར་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེན་ཌ་དང་བིཀ་ཀ་མ་ཤི་ལ་སོགས་ཀྱི་པཎ་གྲུབ་དང་མཁན་ཆེན་ ༧༠༠ ལྷག་གིས་རྒྱལ་བའི་བཀའི་དགོངས་པ་བཀྲལ་བའི་བསྟན་འགྱུར་གྱི་གཞུང་ཆེན་མོ་ཕབ་བསྒྱུར་གནང་བའི་ལས་འཆར་སྐོར་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། རྒྱལ་བའི་གསུང་རབ་མང་ཆེ་བ་ཞིག་རྒྱ་བོད་ལོ་པཎ་རྣམས་ཀྱིས་བོད་ཡིག་ཏུ་བསྒྱུར་ཡོད་ཀྱང༌། ད་དུང་པ་ལིའི་ནང་ཡོད་པ་བོད་སྐད་ནང་མེད་པ། དེ་བཞིན་རྒྱ་ཡིག་ནང་ཡོད་པ་བོད་ཡིག་ནང་མེད་པ་དེ་འདྲ་ཏན་ཏན་ཡོད་པ་རེད། དེ་ཚོའི་གྲས་ཚུར་བོད་སྐད་དུ་བསྒྱུར་ནས་ཆོས་གཞུང་ཆ་ཚང་བ་ཞིག་བཟོ་ཐུབ་ན་བྱ་བ་ཧ་ཅང་རླབས་ཆེན་པོ་དང་གལ་ཆེན་པོ་ཞིག་རེད་ཅེས་གསུངས་འདུག

དེ་རྗེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ནཱ་ལེན་ཌ་དང་བོད་ཀྱི་བར་དུ་འདས་པའི་དུས་ནས་འབྲེལ་བ་ཆེན་པོ་ཡོད་ལ། བོད་དང་རྒྱ་ནག་གི་མཁས་པ་མང་པོར་དཔལ་ནཱ་ལེན་ཌ་ནས་དམིགས་བསལ་ཁང་པ་སྤྲད་ནས་བསླབ་པ་སློབ་གཉེར་བྱས་ནས་བསྡད་པ་རེད་ཅེས་གསུངས་ཡོད་པ་རེད།

དེ་ཡང་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ངག་དབང་བསམ་གཏན་ལགས་ཀྱིས་དཔལ་ན་ལེན་ཌ་དང་བོད་ཀྱི་མཁས་པ་ཚོས་སཾསྐྲིཏ་ལས་ནང་པའི་རིགས་གཞུང་ཧ་ཅང་མང་པོ་བོད་སྐད་དུ་བསྒྱུར་ཡོད་ཚུལ་སོགསའགྲེལ་བརྗོད་གནང་ཡོད་འདུག

ཨ་རིའི་ཁུ་ལིམ་པེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཆོས་ཆེད་ལས་ཞིབ་འཇུག་པ་ཕོ་བྷུར་ཊི་ཊོར་མན་ལགས་ཀྱིས་བརྗོད་དོན། དེང་དུས་ཀྱི་འཛམ་གླིང་འདིར་དཀའ་རྙོག་ཧ་ཅང་མང་པོ་ཡོད་པ་རེད། དཔེར་ན། སའི་གོ་ལའི་དྲོད་ཚད་ཆེ་རུ་འགྲོ་བཞིན་པ་ལྟ་བུའི་མིའི་རིགས་ཀྱིས་བཟོས་པའི་དཀའ་རྙོག་འདི་དག་ནམ་ཡང་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་མེད་པ་རེད་ཅེས་བརྗོད་འདུག

དེ་སྔོན་བསྟན་འགྱུར་དང་གསུང་རབ་གལ་ཆེན་མང་པོ་ཞིག་སཾསྐྲིཏ་ལས་བོད་སྐད་དུ་སྒྱུར་མཁན་གཙོ་བོ་ནི་རྒྱ་གར་གྱི་དཔལ་ནཱ་ལེན་ཌ་དང་ Vikramshilaགཙུག་ལག་སློབ་གྲྭ་ཆེན་མོ་སོགས་ཡིན་ལ། གསུང་རབ་རྣམས་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་ནང་པའི་ཆོས་གཞུང་སྔར་ལས་ཀྱང་དར་ཞིང་རྒྱས་པར་བརྟེན། བོད་བསྒྱུར་ཞུས་པའི་བཀའ་བསྟན་འགྱུར་སོགས་ལ་༧གོང་ས་མཆོག་གིས་གཙོ་བྱས་པའི་བོད་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཚོས་རིན་ཐང་གཞལ་དུ་མེད་པ་ཞིག་ཏུ་རྩི་བཞིན་ཡོད་ལ། འདས་པའི་བོད་ཀྱི་ལོ་པཎ་ཚོའི་མཛད་པ་འཕྲིན་ལས་རེ་རེ་དུས་ད་ལྟའང་རྒྱ་གར་གྱི་རིག་དངོས་རྩ་ཆེན་གྱི་གྲས་སུ་ཉར་ཚགས་བྱས་ཡོད་པ་དང༌། དེ་ནི་ནང་ཆོས་ཀྱི་རིན་ཐང་ཁོ་ན་ཙམ་མ་ཡིན་པར་རྒྱ་གར་གྱི་གནའ་བོའི་ཚན་རིག་དང་སྒྱུ་རྩལ། བརྡ་སྤྲོད། ཐ་སྙད་རིག་པ། པར་རིས་སོགས་ཀྱི་རིན་ཐང་ངེས་ཅན་ལྡན་ཡོད་པ་ཞིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།