དགོངས་ཚུལ།

༢༠༡༠ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༢ཉིན། དེ་རིང་ཞོགས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༡༠ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་གསར་འགོད་གསལ་བསྒྲགས་བྱས་སོང༌།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང༌། འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་རྣམ་གཉིས་ཀྱིས། ༢༠༡༠ལོའི་བོད་ནང་གི་གནས་བབ་ངོ་སྤྲོད་དང༌། གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།

གསར་འགོད་གསལ་བསྒྲགས་དེའི་ནང༌། ཕྱི་ལོ་༢༠༡༠ལོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་མང་གཙོའི་ལས་འགུལ་དང༌། འགྲོ་བ་མིའི་ཐོབ་ཏང་ལ་དོ་འཁུར་དང་ངོས་ལེན་བྱས་ཏེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་འཇུ་བཟུང་གིས་མི་ལོ་༡༡དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་འཁུར་བཞིན་པའི་ལིའུ་ཞའོ་པོ་ལ་ཕུལ་ཡོད་ཅིང༌། དེས་རྒྱ་ནག་གི་མང་གཙོའི་ལས་འགུལ་སྤེལ་མཁན་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་སེམས་གསོ་དང་སྐུལ་ལྕགས་ཆེན་པོ་ཞིག་ཐེབས་ཡོད་ལ་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གོམ་སྟབས་སྤོ་དགོས་པའི་བརྡ་ལན་སྤྲད་པ་ཞིག་ཀྱང་ཆགས་ཡོད།

དེ་བཞིན་༢༠༡༠ལོ་ནི་རྒྱ་གཞུང་གིས་༢༠༠༩དང་ ༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་ཞེས་པ་སྤེལ་བའི་ལོ་གཉིས་པ་ཆགས་ཡོད་པ་དང༌། ལྷག་དོན་དུ་ཟླ་༥ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བྱ་སྤྱོད་འཆར་གཞི་ཞེས་པའི་ཡིག་ཆ་དེའི་ངོ་བཤུས་ཕུལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཡར་རྒྱས་ཀྱི་གོམ་སྟབས་སྤོ་ཚུལ་རྒྱལ་སྤྱིར་བསྟན་ཡོད། འོན་ཀྱང་དངོས་ཡོད་གནས་སྟངས་ཐོག་ཡར་རྒྱས་འགྲོ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

༢༠༡༠ལོའི་ཟླ་༡ཚེས་༡༨ནས་༢༠བར་པེ་ཅིང་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་འཚོགས་བྱས་ཡོད་པ་དང༌། ཚོགས་འདུའི་ནང་བོད་དེ་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་ཡོང་བ་དང༌། ཡུན་རིང་བདེ་འཁོད་ཡོང་ཆེད་ཐབས་བྱུས་དང་སྲིད་བྱུས་གསར་པ་གཏན་འབེབས་བྱས་ཡོད་ཅིང༌། བོད་ཀྱི་ད་ལྟ་དང་མ་འོངས་ལས་དོན་མཐའ་དག་གི་སྲིད་བྱུས་རང་བཞིན་གྱི་གཞི་འཛིན་ཟ་ཞིག་དང་འགོ་འཛུགས་ས་ཞིག་ཆགས་ཡོད། ཚོགས་འདུའི་ཐོག་བོད་དེ་ཡུན་རིང་བདེ་འཁོད་ཡོང་ཆེད་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མཐའ་དག་གཙང་བཤེར་དང་མེད་པ་བཟོ་དགོས་པ་དང༌། ཡུན་རིང་བདེ་འགོད་ཀྱི་རྨང་གཞི་སྲ་བརྟན་དང༌། ཁ་བྲལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད།

བོད་མིའི་ཐོག་དམ་དྲག་དང་དོ་དམ་བྱེད་པའི་མ་ལག་ཁག་ལ་འཛུགས་སྐྲུན་དང༌། དོ་དམ་བྱེད་ཆེད་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་གཅིག་རྗེས་གཉིས་རྗེས་ཀྱི་འཐུས་ཚང་དང་ཚགས་ཚུགས་སུ་གཏོང་བཞིན་ཡོད་པ་དང༌། ཉེན་རྟོག་མངགས་གཏོང་ཁང་གསར་འཛུགས་དང༌། ཕྱི་ནས་འོང་བའི་མིར་ཐོ་འགོད་ལམ་ལུགས་གཏན་འབེབས་སོགས་ཀྱིས་དོ་དམ་བྱེད་པའི་ཁྱབ་ཚད་དང་ཞིབ་བཤེར་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་དང༌། ཟལa་༥ཚེས་༡༨ཉིན་ལྷ་ས་སོགས་སུ་བསྐྱར་པར་ཁང་ཡོངས་རྫོགས་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་བཅུག་པ་དང༌། ཡིག་རིགས་སོགས་འདྲ་བཤུས་བརྒྱབ་པར་ངེས་པར་དུ་མིང་དང༌། འདྲ་བཤུས་ཀྱི་ནང་དོན་སོགས་ཐོ་འགོད་བྱེད་དགོས་པ་དང༌། གལ་ཏེ་ཐོ་འགོད་མ་བྱས་པར་འདྲ་བཤུས་རྒྱབ་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད།

༢༠༡༠ལོའི་ཟླ་༣ཚེས་༣ཉིན་ལྷ་ས་གྲོང་ཁྱེར་དང༌། ཁྱབ་ཁོངས་ཀྱི་རྫོང་ཁག་ནང་དུས་ཚོད་གཅིག་གི་ཐོག་སྤྱི་བདེ་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་པ། གྲོང་ཁཱུལ་བདེ་སྲུང་མི་སྣ་བཅས་ཀྱིས་རྡུང་རྡེབ་ཚ་ནན་གཏོང་བའི་ལས་འགུལ་སྤེལ་བ་དང༌། ལམ་མདོ་ཁག་ལ་ཞིབ་བཤེར་ས་ཚིགས་བཙུགས་པ་དཇང༌། འགྲོ་བསྐྱོད་བྱེད་མིར་དམ་དྲག མགྲོན་ཁང་དང་བོགས་གཏོང་ཁང་པར་གློ་བུར་དུ་ཞིབ་བཤེར་བྱས་ཏེ་བོད་མི་མང་པོ་འཇུ་བཟུང་བྱས་ཡོད། སྤྱི་བདེ་ཉེ་རྟོག་པ་དང༌། དྲག་ཆས་ཉེན་རྟོག་དམག་མིས་ལམ་མདོ་ཁག་ལ་སྐོར་གཡེང་དང༌། ཞིབ་བཤེར་ས་ཚིགས་བཙུགས་ཏེ་འགྲོ་བསྐྱོད་བྱེད་རྒྱུར་བཀག་སྡོམ། བོད་མི་འདུས་སྡོད་བྱེད་ཡུལ་ཆེ་ཁག་ཏུ་ཞིབ་བཤེར་ནན་པོ་བྱས་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

ལོ་དེའི་ནང་བོད་ནང་གཞས་པ་དང༌། རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ། གྲགས་ཅན་མི་སྣ་སོགས་ལ་ཆབ་སྲིད་དོགས་གཞི་ཆེན་པོ་བྱས་ཏེ་འཇུ་བཟུང་དང་ཁྲིམས་ཆད་ལྗིད་པོ་བཅས་ཡོད་པ་སྟེ་བོད་མི་བསོད་ནམས་ཚེ་རིང་དང༌། པདྨ་ཡེ་ཤེས། བླ་མ་ལྷ་དགའ། བསོད་རྡོ་གཉིས་བཅས་ལ་ལོ་གཉིས་ནར་འགྱངས་སྲོག་ཁྲིམས་བཅད་ཡོད་པ་དང༌། འབྲས་སྤུངས་དགོན་གྱི་དགེ་སྐོས་འཇམ་དཔལ་དབང་ཕྱུག་དང༌། གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲིས། བསོད་ནམས་མགོན་པོ། ཚེ་དབང་རིན་ཆེན་བཅས་ལ་ཚེ་གང་རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། ཚེ་དབང་རྒྱ་མཚོ་དང༌། ཁོར་ཡུག་སྲུང་སྐྱོབ་དང་གནའ་རྫས་ནར་ཚགས་པ་ཀརྨ་བསམ་གྲུབ། བཀྲིས་ཏབ་བསྟན་སོགས་ལ་མི་ལོ་༡༦ནས་༡༥བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཆད་བཏང་ཡོད།

བོད་མི་མང་པོ་ཞིག་འཇུ་བཟུང་བྱས་རྗེས་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་པ་མ་ཟད། སེམས་ཁམས་མི་བདེ་བ་ཆགས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ལྷག་བཞིན་ཡོད། ཤེས་རྟོགས་བྱུང་བར་༢༠༡༠ལོར་བོད་མི་མི་གྲངས་༡༨༨ཙམ་འཇུ་བཟུང་བཀག་སྐྱིལ་བྱས་ཡོད་པ་དང༌། ལོ་དེར་ཤེས་རྟོགས་བྱུང་བར་བོད་མི་མི་གྲངས་༧༡ཙམ་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་བཏང་ཡོད། ད་ལྟ་ཤེས་རྟོགས་བྱུང་བར་བོད་ནང་ལྟ་སྲུང་ཁང་དང༌། ངལ་གཅུན་ཁང༌། བཙོན་ཁང་བཅས་ནང་བཀག་ཉར་དང༌། བཀག་སྐྱིལ། བཙོན་འཇུག་བྱེད་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་བསྡོམས་མི་གྲངས་༨༣༡ཙམ་ཡོད་པ་དང༌། དེའི་ནང་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན། དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་ཕོགས་པ་མི་གྲངས་༣༦༠ཙམ་ཡོད།

དེ་བཞིན་ལོ་དེའི་ཟླ་༨ནང་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས་གཞིས་ཀ་རྩེར་བོད་བརྒྱུད་ནང་བསྟན་དགོན་སྡེའི་འགོ་འཛིན་ཉམས་མྱོང་སྤེལ་རས་ཟེར་བའི་ཚོགས་འདུ་སྐོང་འཚོགས་བྱས་པ་དང༌། ཚོགས་འདུའི་ནང་དགོན་སྡེའི་དོ་དམ་དང་སློབ་གསོའི་ལས་འགུལ་སྔར་ལྷག་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང༌། ཟླ་མཇུག་ཏུ་སྤྱི་བདེ་པུའུ་ཡིས་ལྷ་སར་བོད་ལྗོངས་དང་ཞིང་ཆེན་བཞི་བོད་ཁུལ་གྱི་སྤྱི་བདེའི་ཚོགས་འདུ་ལྷ་སར་སྐོང་ཚོགས་བྱས་ཏེ་གཅིག་གྱུར་བཀོད་འདོམས་དང་དྲ་སྦྲེལ་ཐོག་དམ་དྲག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད།

བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྡོག་རོལ་བཏང་ནས་དགོན་སྡེ་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པ་དང༌། རྒྱུན་གཏན་གྱི་ཆོས་ལུགས་གནང་སྒོ་ཁག་ལ་འགོག་རྐྱེན་ཚབས་ཆེན་ཕོག་བཞིན་ཡོད་པ་མ་ཟད། བཙན་ཤེད་ཀྱིས་སློབ་གསོའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དགེ་འདུན་པ་འཇུ་བཟུང་དང་ཕྱིར་འབུད། དགོན་པ་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་རྒྱུན་མཐུད་ནས་ལྷག་བཞིན་ཡོད་ལ། ༢༠༡༠ལོའི་ཟླ་༩ཚེས་༣༠ཉིན་རྒྱལ་ཁབ་ཀྱི་ཆོས་དོན་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་བྱེད་ཐབས་ཞེས་པ་དོ་ཚན་༤༤ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང༌། སྒྲིག་གཞི་འདི་༢༠༡༠ལོའི་ཟླ་༡༡ཚེས་༡ཉིན་དངོས་སུ་ལག་བསྟར་འགོ་འཛུགས་བྱས་ཡོད་པ་དང༌། སྒྲིག་གཞི་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གོམས་སྲོལ་ཁག་ལ་རྡོག་རོལ་དང༌། དགོན་སྡེའི་གྲྭ་བཙུན་དང་བླ་མ་བར་གྱི་འབྲེལ་ལམ་བཀག་སྡོམ་དང༌། དགོན་སྡེའི་དོ་དམ་དང་གྲྭ་བཙུན་ལ་དམ་དྲག་བྱེད་རྒྱུར་ཁྲིམས་ཀྱི་རྒྱབ་གཉེར་ཤུགས་ཆེ་ཞིག་ཆགས་ཡོད།

༢༠༡༠ལོའི་ཟླ་༩ཚེས་༡༢ཉིན་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྐོང་འཚོགས་བྱས་པ་དང༌། ༢༠༡༠་་་༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིང་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་ཅེས་པའི་སློབ་གསོ་བསྒྱུར་བཅོས་ཀྱིས་སྐད་ཡིག་གཉིས་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་སྐད་ཡིག་གཞིར་རྩ་བྱེད་རྒྱུའི་གཏན་འབེབས་ལག་བསྟར་བྱེད་རྒྱུ་འགོ་བཙུགས་ལ་ཉེ་བའི་སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་གཙོས་པའི་ས་གནས་མང་པོ་ཞིག་ཏུ་སློབ་ཕྲུག་གི་གཞི་རྒྱ་ཆེ་བའི་རྔམས་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་སྤེལ་ཏེ་མི་རིགས་འདྲ་མཉམ་དང༌། སྐད་ཡིག་རང་དབང༌། ཅེས་སྦྱར་ཡགི་དང་འཕྲེད་དར་འཕྱེར་ཏེ་འབོད་སྒྲ་སྒྲོགས་ནས་ས་གནས་གཞུང་གི་སློབ་གསོ་བསྒྱུར་བཅོས་ཀྱི་འཆར་འགོད་ལག་བསྟར་བྱེད་རྒྱུ་མཚམས་འཇོག་ཡོང་བའི་དགོས་འདུན་བཏོན་ཡོད།

སློབ་གསོ་བསྒྱུར་བཅོས་གཏན་འབེབས་ཡིག་ཆ་འདི་དག་ས་གནས་ཁག་གི་སློབ་གསོ་ཚན་ཁག་ཏུ་ལག་བསྟར་གྱི་དུས་མཚམས་ལ་བསྒྱུར་ཡོད་པ་དང༌། བསྒྱུར་བཅོས་ཆེན་པོ་འདིས་བོད་ཁུལ་གྱི་སློབ་གསོའི་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཆགས་ཡོད་པ་དང༌། ད་ལྟ་འགྲོ་བཞིན་པའི་སྐད་ཡིག་ལམ་ལུགས་ནང་བོད་ཡིག་གནས་བབས་དེ་མེད་པ་ཆགས་རྒྱུ་དང༌། སློབ་ཚན་ཁག་རྒྱ་སྐད་དུ་འཁྲིད་སྟོན་བྱས་རྗེས་བོད་ཡིག་དེ་བཞིན་བོད་ཀྱི་སྐད་ཡིག་ཁོ་ན་སྦྱོང་ཆེད་ལས་བདེ་སྤྱོད་ཁོར་ཡུག་ཇེ་ཉུང་དུ་འགྲོ་རྒྱུ་དང༌། བོད་ཁུལ་དུ་བོད་ཀྱི་སྐད་ཡིག་རྒྱུན་སྤྱོད་གནས་བབས་རིམ་པ་མེད་པ་ཆགས་ཏེ་རྒྱ་སྐད་ཀྱི་ཧ་ཅང་མཐོ་བའི་གནས་བབས་བཟུང་རྒྱུ་དང༌། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་རིམ་བཞིན་གསོན་གནས་ཀྱི་ནུས་སྟོབས་ཉམས་ཉེས་སུ་འགྱུར་ཉེན་ཆེན་པོ་ཆགས་ཡོད། དེ་བཞིན་སྐད་གཉིས་ཀྱི་སློབ་གསོའི་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པ་འདིས་བོད་ཁུལ་གྱི་ས་གནས་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམས་ཤིང༌། བོད་ཀྱི་སྐད་ཡིག་ཁྱབ་སྤེལ་དང་ཡུན་གནས་ཐུབ་རྒྱུར་གནོད་སྐྱོན་ཆེན་པོ་ཞིག་ཆགས་ཡོད་པ་དང༌། རྒྱ་གཞུང་གི་རྒྱུན་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་གོང་འཕེལ་གཏོང་ལུགས་དྲིལ་བསྒྲགས་བྱེད་པ་དང༌། རྒྱ་ནག་གི་རྩ་ཁྲིམས། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ལ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང༌། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཡར་རྒྱས་དང༌། རིག་གནས་རྒྱུན་འཛིན་དང་གོང་འཕེལ། དཔལ་འབྱོར་སོགས་གོང་འཕེལ་ཡོང་བར་ཤུགས་རྐྱེན་ངན་པ་ཕོགས་རྒྱུ་རེད།

༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཧྲུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་དགུ་མདོར་ས་ཡོམ་ཤུགས་ཚད་རིམ་པ་བདུན་དང་གྲངས་ཆུང་གཅིག་ཅན་ཞིག་བརྒྱབ་སྟེ་མི་སྣ་ཤི་རྨས་དང་འཛུགས་སྐྲུན་དངོས་པོ་གཏོར་བཤིག་ཚབས་ཆེན་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད། ཟླ་༦ཚེས་༡ཉིན་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་ས་ཡོམ་ཁྲོད་འདས་གྲོངས་སུ་འགྱུར་བའི་མིའི་གྲངས་ཚད་༢༦༩༨དང༌། རྨས་སྐྱོན་བྱུང་བ་མི་གྲངས་ཁྲི་བརྒལ་བ། ཁང་པ་བརྒྱ་ཆ་དགུ་བཅུ་ལྷག་གཏོར་བཤིག་ཏུ་ཕྱིན་ཡོད། དེ་བཞིན་ཀན་སུའུ་ཞིང་ཆེན་འབྲུག་ཆུར་ས་ཉིལ་ཆུ་ལོག་གིས་གནོད་སྐྱོན་ཚབས་ཆེན་བྱུང་སྟེ་མི་གྲངས་ཆིག་སྟོང་ལྷག་ཙམ་རྐྱེན་འདས་སུ་གྱུར་ཡོད།

བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་གོད་ཆགས་བྱུང་མ་ཐག་ཉེ་འཁོར་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་དུས་ཚོད་དང་པོར་ས་ཡོམ་ཁུལ་དུ་བསྐྱོད་དེ་གོག་ཧྲུལ་འགོ་ནས་མི་སྣ་སྲོག་སྐྱོབ་བྱས་ཡོད་པ་དང༌། དེ་བཞིན་རྒྱ་གཞུང་གི་དམག་མི་སོགས་ནས་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད། སྲིད་འཛིན་ཧུའུ་ཅིང་ཐའོ་དང༌། སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན། སྲིད་བློན་ཝན་ཅ་པའོ། སྲིད་བློན་གཞོན་པ་ལི་ཁེ་ཆང་དང་ཧུད་ལེང་ཡུས་སོགས་དང་མཚོ་སྔོན་ཞིང་ཆེན་ས་གནས་དཔོན་རིགས་སོགས་ས་ཡོམ་བྱུང་ཡུལ་དུ་ཡོང་སྟེ་མྱུར་སྐྱོབ་ལས་དོན་ལ་རྟོགས་ཞིབ་བྱས་ཡོད། སྲིད་གྲོས་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་གནོད་འཚེ་ཕོགས་ཁུལ་དུ་ལུགས་མཐུན་གྱི་སེམས་གསོ་བྱེད་པར་ཡོང་བ་དང༌། རོགས་རམ་བྱེད་པར་དགའ་བསུ་དང་སྦྲགས་ཀྱི་རྒྱ་གཞུང་གི་གཞུང་ཚབ་ཁག་ནས་མཐུན་འགྱུར་ཞུ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད།

སྐྱེ་དགུ་མདོ་ས་ཡོམ་གྱི་གནོད་འཚེ་ཕོགས་ཀུལ་ནི་བོད་རིགས་གཙོ་བོ་གནས་སྡོད་ཁུལ་ཞིག་ཡིན་པ་དཇང༌། ས་གནས་དེ་གའི་བོད་མི་རྣམས་ནི་ནང་ཆོས་ལ་དད་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་པས་༧གོང་ས་མཆོག་ཁུལ་དེར་ཞབས་བཅག་སྟེ་ཞལ་མཇལ་གསུང་ཐོས་ཀྱིས་ས་ཡོམ་འཇིགས་སྣང་ལས་གྲོལ་ཏེ་ཁོང་ཚོའི་སེམས་ཁམས་ཀྱི་བདེ་ཐང་སླར་གསོ་དང༌། མ་འོངས་མི་ཚེར་རེ་བ་དང་ཡིད་ཆེས། སེམས་ཤུགས་འཕར་མ་ཞིག་སྐྱེས་རྒྱུ་དང༌། མི་གཙོ་བོར་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་ཡོད་ལ། སེམས་ཁམས་བདེ་ཐང་སླར་གསོ་དང༌། སེམས་ཤུགས་བློ་སྟོབས་གསར་པ་ཞིག་སྐྱེས་ཏེ་ཁྱིམ་གཞི་བསྐྱར་བསྐྲུན་བྱེད་རྒྱུར་ཕན་ཐོགས་ཤིན་ཏུ་ཆེན་པོ་ཐོབ་རྒྱུ་ཡིན་ཀྱང་རྒྱ་གཞུང་གིས་༧གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཐེབས་ཁུལ་དུ་ཕེབས་རྒྱུར་དང་ལེན་བྱས་མེད།

ནུབ་བརྒྱུད་གསར་སྤེལ་གྱི་ལས་འཆར་འོག་བོད་ནང་འཛུགས་སྐྲུན་གྱི་ལས་འཆར་འདྲ་མིན་སྤེལ་བ་དང༌། རང་བྱུང་གཏེར་ཁ་བསྔོགས་འདོན། ཆུ་གློག་གསར་སྤེལ་གྱི་ཚ་རླབས་འཕྱུར་བཞིན་ཡོད་པ་དང༌། བོད་ཀྱི་རང་བྱུང་ཁོར་ཡུག་དོ་མཉམ་ལས་གནོས་སྐྱོན་ཆེན་པོ་ཕོགས་བཞིན་ལས་འཆར་སྤེལ་ཡུལ་གྱི་ས་གནས་གཙོས་བོད་ཁུལ་མང་པོར་མིས་བཟོས་པའི་རང་བྱུང་གི་གནོད་འཚེ་ཚབས་ཆེན་བྱུང་ཡོད། དེ་བཞིན་བོད་ནང་མི་འབོར་སྤོ་ཤུགས་ཇེ་ཆེ་འགྲོ་བཞིན་ཡོད་པ་དང༌། བོད་མིའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ། ལས་ཞུགས་ཀྱི་གོ་སྐབས་མི་རགས་པ་དང༌། བོད་མིའི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ལ་དོ་ཕོགས་ཆེན་པོ་བྱུང་ཡོད་ཅིང༌། ལས་རིགས་ཁག་ཏུ་རྒྱ་མི་རིགས་ཀྱི་གཉེར་སྐྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ཀྱི་ཞིང་འབྲོག་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཤུགས་ཆེ་སྤེལ་བཞིན་ཡོད་པ་དང༌། ས་བབས་དང་གནམ་གཤིས་སོགས་དང་མཐུན་པའི་བོད་མིའི་སྲོལ་རྒྱུན་གྱི་ཞིང་འབྲོག་གཉེར་སྐྱོང་ལ་བསྒྱུར་བཅོས་ཀྱིས་གཅིག་གྱུར་གྱི་གྲོང་བརྡལ་ཁུལ་དུ་གནས་སྤོ་བྱེད་བཅུག་ཡོད།

ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག ༢༠༡༠ ལོའི་ཟླ་ ༡༢ ཚེས་༣ཉིན་གནས་ཚུལ་སྤེལ་བར། ༢༠༠༦ལོ་ནས་བཟུང་ཞིང་འབྲོག་པའི་བདེ་སྡོད་ལས་གཞི་སྤེལ་ཏེ་ལོ་ལྔའི་ནང་ཞིང་འབྲོག་སྡོད་ཁྱིམ་གྲངས་ཁྲི་༢༧་༤༨དང་མི་གྲངས་ཁྲི་ ༡༤༠ གཅིག་གྱུར་སྡོད་ཁྱིམ་གསར་པའི་ནང་གནས་སྤོས་བྱས་པ་བརྗོད་ཡོད་ལ། ལོ་ལྔ་ཚན་བཅུ་གཉིས་ཀྱི་འཆར་གཞིའི་ནང་བོད་ལྗོངས་ཀྱི་འབྲོག་ཁྱིམ་གྲངས་༡༢༩༤༩གཅིག་འགྱུར་སྡོད་གནས་ཁུལ་གནས་སྤོས་བྱེད་རྒྱུ་ཡིན་པ་དང༌། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་ནང་ཞིང་འབྲོག་གཅིག་གྱུར་སྡོད་ཁང་གནས་སྤོས་ཀྱིས་ལས་གཞི་སྤེལ་ཡོད་པ་དང༌། དཀར་མདེས་ས་ཁུལ་སོགས་ལ་བདེ་སྡོད་ལས་གཞི་སྤེལ་ཏེ་གཅིག་གྱུར་གྱི་གྲོང་བརྡལ་དུ་གནས་སྤོས་བྱེད་བཅུག་ཡོད།

བོད་ནང་གང་བྱུང་གེར་ཁ་བསྔོགས་འདོན་དང༌། ཆུ་གློག ཆུ་བདེ་སོགས་གཞི་རྒྱ་ཆེ་བའི་ལས་འཆར་རྐྱེན་པས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོགས་བཞིན་ཡོད་པ་དང༌། ས་གནས་འཚོ་སྡོད་བྱེད་མཁན་གྱི་བོད་མིར་མི་བཟོས་པའི་ཁོར་ཡུག་གི་གནོད་འཚེ་ཕོགས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། གཞི་རྩེ་ས་ཁུལ་ལྷ་རྩེ་རྫོང་དུ་གཏེར་ཁ་བསྔོགས་འདོན་ལས་གཞིར་ངོ་རྒོལ་བྱེད་མིར་དྲག་ཆས་ཉེན་རྟོག་དམག་མིས་དྲག་གནོན་བྱས་པ་དང༌། དེ་བཞིན་དཀར་མཛེས་ས་ཁུལ་དཔལ་ཡུལ་རྫོང་ཁྲོམ་ཐར་ཆུས་ཀྱི་བརྒྱ་ཤོད་སྡེ་བའི་མང་ཚོགས་ཀྱིས་ས་གནས་སུ་གསེར་གྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞིར་ཞི་རྒོལ་བྱེད་སྐབས་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་གཅིག་རྐྱེན་འདས་སུ་འགྱུར་བ་དང༌། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་ཅིང༌། ཧོར་གཙང་མར་ཐང་ཤང་དུ་ཡོད་པའི་ཨ་མདོ་ཨར་འདམ་བཟོ་གྲྭའི་དུ་བ་དང་ས་རྡུལ། དུག་རླངས་སོགས་ཀྱིས་ཧོར་གཙང་ས་ཁུལ་གྱི་མི་དམངས་ཀྱི་བདེ་ཐང་དང༌། དེ་བཞིན་རྩ་ས་དང་ནགས་ཚལ། རྒྱུག་ཆུ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོགས་ཏེ་ཁོར་ཡུག་ལ་དོ་ཕོགས་ཆེན་པོ་འགྲོ་བའི་གནས་སྟངས་ཁུལ་དེའི་མི་དམངས་ཀྱིས་ཞི་རྒོལ་བྱས་པར་དྲག་གནོན་བྱས་ཏེ། མི་མདའ་བརྒྱབ་ནས་བོད་མིར་རྨས་སྐྱོན་བཏང་ཡོད་པ་དང༌། ཉེས་རྡུང་བཏང་བ། དེ་བཞིན་བོད་མི་བཞི་ཙམ་འཇུ་བཟུང་བྱས་ཡོད།

བོད་མིའི་འགྲོ་འོང་ལ་དམ་དྲག་དང༌། ལྷ་ས་སོགས་སུ་ཕྱི་ནས་ཡོང་བའི་བོད་མིར་གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་ཞུ་ལེན་སྒྲིག་སྲོལ་གཏན་འབེབས། དེ་བཞིན་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་ལྟེ་བའི་ལམ་བུ་བལ་བོད་ས་མཚམས་སྔར་བས་དམ་དྲག་ལ་ཤུགས་སྣོན་དང༌། བལ་ཡུལ་ཉེན་རྟོག་ཚན་པས་མཐུན་གྱུར་ཞུས་པ་སོགས་ལ་བརྟེན་བོད་ནས་སྐྱབས་བཅོལ་དུ་ཡོང་བར་དཀའ་ཚེགས་ཆེན་པོ་ཆགས་ཡོད། ༢༠༡༠ལོར་བོད་མི་གྲངས་༧༧༠ལས་འབྱོར་ཐུབ་ཡོད་པ་མ་རེད་ཅེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།