དགོངས་ཚུལ།

འདས་པའི་ཕམ་ཉེས་ཀྱིས་ང་ཚོར་བསླབ་བྱ་འཁྱེར་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༠ཉིན། ཁ་སང་ཕྱི་ཚེས་༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་༧གོང་ས་མཆོག་ལལ་བྷ་ཧཱ་དྷུར་ཤཱསྟྲི་རྗེས་དྲན་ཐེངས་༡༨པའི་ཚོགས་མགོན་དུ་ཕེབས་ནས་གོ་ལ་ཧྲིལ་པོའི་རུལ་སུངས་དང་འཇིགས་སྐུལ་རིང་ལུགས་ཀྱི་གནད་དོན་སྐོར་ལ་བཀའ་སློབ་བསྩལ་འདུག

རྗེས་དྲན་མཛད་སྒོ་དེ་ནི་ལལ་བྷ་ཧཱ་དྷུར་ཤཱསྟྲི་རྒྱལ་ཡོངས་དྲན་རྟེན་ཐེབས་རྩ་ཁང་དང་རྒྱལ་ཡོངས་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་བྱས་ཡིན་ལ། མཛད་སྒོའི་ཐོག་མཁས་དབང་དང་སྲིད་དོན་པ། སློབ་ཕྲུག སྒྱུ་རྩལ་བ། མི་སྣ་གྲགས་ཅན་ཁག་གཅིག་བཅས་མཉམ་བཞུགས་གནང་ཡོད་པ་རེད།  སྐབས་དེར་༧གོང་ས་མཆོག་གིས་༼བྱམས་བརྩེའི་ནུས་སྟོབས༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་དོན། སྐུ་གཤེགས་ལལ་བྷ་ཧཱ་དྷུར་ཤཱསྟྲི་མཆོག་ནི་ཆུང་བའི་དུས་ནས་བཟུང་གཞན་ལ་བྱམས་ཞིང་བརྩེ་བའི་བསམ་པ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། སེམས་ཅན་ཐམས་ཅད་ལ་བདེ་བ་དོན་དུ་གཉེར་རྒྱུ་དང་སྡུག་བསྔལ་ལས་བྲལ་རྒྱུའི་ཐོབ་ཐང་ཡོད་པའི་ལྟ་གྲུབ་འཛིན་མཁན་གྱི་ཡང་དག་པའི་དབུ་ཁྲིད་ཚད་ལྡན་ཞིག་ཡིན་པས། ངོས་ནས་ཁོང་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད།

གཞན་དོན་གྱི་བསམ་པ་གོམས་པར་གྱུར་ཚེ་རང་རྒྱུད་ལ་ཕྱོགས་ལྷུང་སྤངས་པའི་བྱམས་བརྩེའི་བློ་ཡང་དག་པ་ཞིག་སྐྱེ་ཐུབ་ལ། བྱམས་བརྩེའི་བློ་ཡང་དག་པ་དེས་རང་རྒྱུད་ཀྱི་འཇིགས་སྣང་དང་དོགས་པ་སོགས་ཞི་བར་བྱེད་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ། མི་གཞན་ལ་མགོ་སྐོར་སླུ་བྲིད་དང་གཉའ་གནོན། དབང་ཡོད་བཤད་པ་ཡིན་ན་མི་སྒེར་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན་དབར་ཡིད་ཆེས་དང་ཡང་དག་པའི་མཐུན་ལམ་ཞིག་བསྐྲུན་རྒྱུར་བར་ཆད་གཏོང་གི་ཡོད་ཅེས་གསུངས་འདུག

དེ་རྗེས་མི་མང་གིས་བཀའ་འདྲི་རིམ་པར་ཞུས་ཡོད་ལ། རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་གནང་དགོས་པའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གར་གྱི་གསར་འགྱུར་རང་དབང་དང་ཁྲིམས་ཀྱི་སྟངས་འཛིན་སོགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་སྤྱི་ཚོགས་འཁོར་ཡུག་འདི་ལ་ཚོད་འཛིན་བྱེད་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད་ཅེས་དང༌།

ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱ་གར་གྱི་ཁྲིམས་འཛིན་ལམ་ལུགས་ནི་རྒྱ་ནག་དང་པཱ་གུ་སི་ཐན་ལྟ་བུའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་མཁྲེགས་འཛིན་བྱེད་མཁན་ཞིག་མིན་པས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་བཟང་སྤྱོད་ཀྱི་སྟོབས་ཤུགས་ཀྱིས་ནམ་ཞིག་ན་ལྐོག་ཟ་རུལ་སུངས་ཀྱི་རྩ་བ་གཏིང་ནས་བཀོག་ཐུབ་ངེས་རེད་ཅེས་བཀའ་ལན་གནང་འདུག

མིག་སྔར་འཛམ་གླིང་གི་ཡུལ་ཕྱོགས་གང་སར་འཇིགས་སྐུལ་རང་ལུགས་པས་གནོད་སྐྱོན་སྣ་ཚོགས་བཟོ་བཞིན་པའིསྐོར་བཀའ་འདྲི་ཞུས་པར། ཁོང་གིས་ང་ཚོས་ངེས་པར་དུ་གནད་དོན་དེའི་འབྱུང་རྐྱེན་འཚོལ་ཞིབ་བྱེད་དགོས་པ་རེད། གནད་དོན་བྱུང་ས་དེ་གཞི་རྩའི་རིན་ཐང་འདུ་ཤེས་ཀྱི་ནོར་འཆུག་ཅིག་ཏན་ཏན་ཡིན་ལ། ཡིན་ནའང་དེ་ནི་འདས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་བཟོས་པའི་ནག་ཉེས་ཤིག་ཡིན་ངེས། འདས་པའི་ཕམ་ཉེས་ཀྱིས་ང་ཚོར་དུས་རྟག་ཏུ་མ་འོངས་ཞི་བདེ་བསྐྲུན་དགོས་པའི་བསླབ་བྱ་སྤྲོད་ཀྱི་ཡོད་ལ། དེང་དུས་ཀྱི་སློབ་གསོའི་རིགས་རིམ་གྱིས་ད་ལྟའི་སྤྱི་ཚོགས་ལ་ཆེས་ཁེ་ཕན་ཆེ་བའི་ཞི་བདེའི་ལྟ་སྤྱོད་དང་མི་ཆོས་ཀྱི་རིན་ཐང་འདུ་ཤེས་སོགས་ལ་སྐུལ་འདེད་བྱེད་པའི་བཟང་སྤྱོད་དང་བར་ཐག་རིང་དུ་འགྲོ་བཞིན་འདུག་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།