དགོངས་ཚུལ།

ཁྲིམས་ཁང་དུ་བོད་ཀྱི་གཞོན་ནུའི་གྱོད་དོན་རིང་ཤོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༨ཉིན། ཟླ་འདིའི་ཚེས་༧ཉིན་ལྡི་ལི་ཆེས་མཐོའི་ཁྲིམས་ཁང་ནས། བོད་མི་༨ལ་འདི་ལོ་ཕྱི་ཟླ་༢པའི་ཚེས་༡༤ཉིན་ཁོང་ཚོ་སོ་སོའི་སྐྱེས་ལོ་སྐྱེས་ཚེས་དང་གནས་སྡོད་བྱ་ཡུལ་གྱི་ཁུངས་སྐྱེལ་ངོ་སྤྲོད་རྒྱབ་གཉེར་བཅས་འཁྱེར་ཡོང་དགོས་པ་དང༌། སྐབས་དེར་མཐའ་མའི་ཐག་གཅོད་དེ་གནང་རྒྱུ་ཡིན་ལུགས་བཀའ་བཏང་ཡོད་འདུག

དེ་ཡང་ཕྱི་ལོ་༡༩༩༢ལོའི་དཔྱིད་དུས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་ཧོང་སུའུ་རབ་རྒྱས་གླིང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་༩ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོང་ནས། ཕྱི་ལོ་༡༩༩༢ལོའི་ཟླ་༣པའི་ཚེས་༡༠སྟེ། བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་མི་ལོ་༣༣འཁོར་བའི་སུམ་ཅུ་དུས་དྲན་ཐེངས་༣༣པའི་ཐོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་ལྷན་དུ་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས།

མ་ཚད་ཕྱི་ཉིན་ཚེས་༡༡ཉིན་གྱི་དགོངས་མོར་ཆུ་ཚོད་༡ཙམ་ལ་ཧོང་སུའུ་རབ་རྒྱས་གླིང་ནས་ཡོང་བའི་བོད་མི་༩པོས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་རྒོལ་རྡུང་བྱས་ནས། རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་བ་དང༌། རྒྱ་ནག་གུང་ཁྲན་ཏང་གིས་ཁྲིམས་འགལ་གྱི་བོད་ལ་བཙན་འཛུལ་བྱས་ཚུལ་སོགས་ངོ་རྒོལ་སྐད་འབོད་བྱས། གཞུང་ཚབ་ཁང་ནང་དུ་མཆོང་རྩིས་བྱས་ཀྱང༌། གཞུང་ཚབ་ཁང་གི་སྐོར་སྲུང་བས་བཙན་བཀག་བྱས་པ་དང་། མཐར་བོད་མི་དགུ་པོ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ནས། ཊེད་ཧར་བཙན་ཁང་དུ་བཙོན་འཇུག་བྱས་༼ཊེད་ཧར་ཇལ་ཟེར་བའི་བཙོན་ཁང་དེ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་ཅིང༌། རྒྱ་གར་ཙམ་མ་ཟད་ཨེ་ཤ་ཡའི་བཙོན་ཁང་ཆེ་ཤོས་ཤིག་ཡིན། ༽

ཧ་ལམ་དུས་ཡུན་ལོ་ངོ་བཅུ་ཕྲག་༢ཙམ་རིང་གྱོད་ཡ་ཕན་ཚུན་ནས་ཁྲིམས་ཁང་གི་དཔྱད་གཞིར་ཉན་དཔྱད་ཐེངས་༦༠ཙམ་བྱས་པ་དང༌། ཐེངས་འདིར་ཁོང་ཚོ་སླར་ཡང་ལྡི་ལི་ཆེས་མཐོའི་ཁྲིམས་ཁང་དུ་འབོད་འགུག་བྱས་ཡོད་པ་རེད། དེའི་སྐབས་སུ་བོད་མི་ཞིག་འདས་གྲོངས་སུ་ཕྱིན། དེ་རྗེས་གནས་ཚུལ་ཞིབ་དཔྱད་དང་མཐའ་གཅོད་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག་ཅིང༌། ཕྱི་ལོ་༢༠༠༠ལོའི་ཟླ་༡ཚེས་༢༥ཉིན་གནས་ཚུལ་དེ་ལྡི་ལི་ཆེས་མཐོའི་ཁྲིམས་ཁང་དུ་བསྐྱལ་ཡོད་འདུག་པ་དང༌། བོད་མི་གཞན་༨པོ་རྒྱ་གར་གྱི་ཉེས་ཁྲིམས་ཨང༌། ༣༠༧ དང༌། ༤༣༦་ ༤༢༧་ ༡༤༨་ ༡༨༦་ ༣༥༣ བཅས་ཀྱི་ནང་འཁོད་ལྟར་ཐག་གཅོད་ཡོང་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད་འདུག

བོད་མི་དེ་དག་ས་ཐག་རིང་པོ་ལྷོ་ཕྱོགས་ནས་ཡང་ཡང་ཡོང་མི་དགོས་པའི་ཆེད་དུ།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་ནི། ངོ་རྒོལ་ལས་འགུལ་བ་རྣམས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ཕན་ཌེ་ལགས་དང་ལྷན་དུ། གནས་ཚུལ་དེ་ཁྲིམས་ཁང་ལ་ཞུ་གཏུབས་བྱེད་མཁན་ཞིག་ཡིན་འདུག་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གནད་དོན་དེ་འདི་ལོ་ཕྱི་ཟླ་༢པའི་ཚེས་༡༤ཉིན་མཐའ་མའི་ཐག་གཅོད་དེ་ཡོང་རྒྱུའི་རེ་བ་རྒྱག་བཞིན་ཡོད་འདུག ཟླ་འདིའི་ཚེས་༧ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས། ལྡི་ལི་བསམ་ཡས་གླིང་དུ་བོད་མི་དེ་དག་གི་མཆོད་སེམས་དང་སྙིང་སྟོབས་ལ་གཟེངས་བསྟོད་ཕུལ་ཡོད་འདུག་པ་དང༌། སྐབས་དེར་བོད་མི་དེ་དག་གི་མགྲིན་ཚབ་པ་པདྨ་རྡོ་རྗེ་ལགས་ཀྱིས། བོད་ནང་ལ་ཡོད་པའི་བོད་མི་རྣམས་ཀྱི་བློས་གཏོང་དང་སེམས་ཤུགས་ལ་བརྟེན་ནས། ང་ཚོར་དུས་ཡུན་ལོ་ངོ་༢༠རིང༌། དཀའ་ངལ་ཡང་ཡང་འཕྲད་ཡོད་ཀྱང༌། ང་ཚོའི་བོད་རང་བཙན་འཐབ་རྩོད་ཀྱི་སེམས་ཤུགས་དེ་དུས་ནམ་ཡང་བརླགས་མྱོང་མེད་ཅེས་འགྲེལ་བརྗོད་གནང་འདུག

བོད་མི་༨པོ་ནི་ཧོང་སུའུ་རབ་རྒྱས་གླིང་གི་རང་ལོ་༧༤ཡིན་པའི་ཚེ་རིང་ཐུབ་བསྟན་ལགས་དང༌། རང་ལོ་༧༤ཡིན་པའི་ཚེ་རིང་ནོར་བུ། རང་ལོ་༥༣ཡིན་པའི་རྣམ་རྒྱལ་རྡོ་རྗེ། རང་ལོ་༥༥ཡིན་པའི་རྟ་མགྲིན། རང་ལོ་༥༤ཡིན་པའི་ཨན་རྡོ་རྗེ། རང་ལོ་༥༨ཡིན་པའི་བློ་བཟང༌། རང་ལོ་༥༦ཡིན་པའི་ཆོས་རྒྱལ། རང་ལོ་༦༨ཡིན་པའི་པདྨ་རྡོ་རྗེ་བཅས་ཡིན་འདུག

གནས་དོན་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་གཉིས་པ་དང་རང་བཙན་འཐབ་རྩོད་པ་སྐུ་ཞབས་ལྷ་བཟང་ཚེ་རིང་ལགས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་སུ་འགོ་འཛུགས་ཀྱིས། ད་ལྟའི་བར་དབུས་རྒྱུན་སྐབས་༧དབར་མུ་མཐུད་ནས་གནས་དོན་དེའི་གྱོད་གཞིའི་ནང་འགྲོ་བཞིན་པ་ཞིག་རེད་འདུག གྱོད་དོན་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་ནང་དུས་ཡུན་རིང་ཤོས་ཀྱི་གྱོད་གཞི་ཞིག་ཆགས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།