དྷ་ས་ས་གནས་འཐུས་མིས་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༨ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༢པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་ས་གནས་འཐུས་མི་ཡོངས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་གྱི་བཀའ་མོལ་ནམ་ཡང་མི་གསུང་བ་ཞུ་ཞེས་སྙན་ཞུ་ཞིག་ཕུལ་ཡོད་སྐོར་གསར་འགོད་གསལ་བསྒྲགས་གནང་སོང༌།

གསར་འགོད་གསལ་བསྒྲགས་དེའི་ནང༌། ༄༅། །འགྲོ་བ་ཡོངས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་པད་ཁྲི་འཕང་མངོན་མཐོའི་དྲུང་དུ།

༄༅། །གུས་འབངས་བཞུགས་སྒར་དྷ་རམ་ས་ལའི་ས་གནས་འཐུས་མི་རྣམས་ནས་ས་གནས་འཐུས་མིའི་ཁྱབ་ཁོངས་སུ་གནས་འཁོད་བོད་མི་སེར་སྐྱ་མི་མང་སྤྱི་མགྲིན་གྱི་ཚབ་ཞུས་ཏེ་སོར་བཅུའི་འདབ་མ་སྤྱི་བོར་བཀོད་དེ་ཕྱག་བཅས་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང༌།

དེ་ཡང་སངས་རྒྱས་ཀྱི་བཀའི་ལུང་གིས་བསྔགས་པའི་བོད་གངས་ཅན་གྱི་ལྗོངས་སུ་གདུལ་བྱའི་ཕྱག་ཚན་དུ་བཞེས་ཏེ། ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་ཆོས་རྒྱལ་མེས་བོན་རྣམ་གསུམ་སོགས་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་རོལ་དུ་བྱོན་ནས། ཁ་བའི་ལྗོངས་ཀྱི་འདུལ་བྱའི་རྒྱལ་ཕྲན་ཡོངས་རྫོགས་གཅིག་ཏུ་སྒྲིལ་ནས། བོད་ཁམས་སྐྱེ་འགྲོ་མཐའ་དབུས་ཀུན་སྐད་དང་ཡི་གེ་གཤིས་ལུགས་བཅས་གཅིག་གྱུར་དུ་བསྐྲུན་ཏེ། རྒྱ་གར་འཕགས་པའི་ཡུལ་སོགས་ནས་བཀའ་དང་བསྟན་བཅོས་གླེགས་བམ་བརྒྱ་ཕྲག་མང་པོ་བོད་སྐད་དུ་བསྒྱུར། བསྟན་པའི་མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་སོགས་རིས་མེད་པཎ་གྲུབ་དུ་མའི་རྣམ་རོལ་དུ་བྱོན། ལྷག་པར་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་རོལ་རྗེ་དགེ་འདུན་གྲུབ་པ་ནས་སྐུ་ཕྲེང་རིམ་དུ་བྱོན་ཏེ། བོད་འབངས་འཕྲལ་ཡུན་ཕན་བདེའི་ཆེད་དུ་བོད་ཆོལ་ཁ་གསུམ་གྱི་ཁྱོན་དང༌། ཆེན་པོ་ཧོར་གྱི་ཡུལ་བཅས་སུ་སྐུ་བལྟམས་ནས་རྒྱལ་བསྟན་ཆབ་སྲིད་ཡོངས་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་མངའ་བདག་ཏུ་བཞེངས་པ་དང༌། ལྷག་པར་དུའང་༧སྐྱབས་མགོན་སྐུ་གོང་མའི་བཀའི་ལུང་གིས་མ་སྔས་མ་ཕྱིས་པར་༧སྐྱབས་མགོན་ཆེན་པོ་ཁྱེད་ནི་༧རྒྱལ་དབང་སྐུ་གོང་མ་རིམ་བྱོན་གྱི་གདན་ཁྲིར་རྩོད་མེད་དུ་བྱོན་ནས། རིས་མེད་འགྲོ་བ་ཀུན་ལ་བརྩེ་བ་སྙིང་རྗེ་ཆེན་པོ་རྒྱུན་མར་མངའ་ཞིང༌། ཕ རོལ་དགྲ་བོས་རྒྱལ་བསྟན་དང་བཅས་པ་མིང་མེད་དུ་གཏོང་རྩིས་ཇི་ཙམ་བྱས་ཀྱང་སྔར་མ་བྱུང་བའི་བོད་ཡུལ་དུ་ཆོས་ལུགས་ནང་ཁུལ་མཐུན་ལམ་དང༌། ཆོལ་གུས་བོད་འབངས་ཡོངས་ནས་སྔར་མེད་ཀྱི་གཅིག་སྒྲིལ། དེང་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཅན་གྱི་ནོ་བྷེའི་ཞི་བདེའི་གཟེངས་རྟགས་དང༌། ཨ་རི་རྒྱལ་ཁབ་ཆེན་པོའི་གཟེངས་རྟགས་ཆེ་ཤོས་ཀྱི་མཚོན་ཞི་བདེའི་གཟེངས་རྟགས་བརྒྱ་ཕྲག་ལྷག་བཞེས་ནས་༧སྐྱབས་མགོན་ཆེན་པོ་ཁྱེད་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་པ་དང༌། དེང་རྒྱ་གར་ནང་གི་དབུས་བོད་མི་གནས་ཡུལ་གང་དུའང་རིས་མེད་བོད་མིའི་ཆོས་སྡེ་དང་སློབ་གྲྭ། གཞིས་ཆགས་སོགས་ཀྱི་མཐུན་རྐྱེན་དང༌། ཤེས་ཚད་བཅས་སྔར་རང་བཙན་དུས་ལས་ལྷག་ཙམ་ཡོད་པ། སྐྱབས་བཅོལ་ཀུན་གྱི་ནང་ནས་བོད་མི་སྐྱབས་བཅོལ་བ་ཞེས་ཀུན་གྱིས་བསྔགས་འོས་སུ་གྱུར་པ། དེ་བཞིན་འཛམ་གླིང་ནང་ལ་བོད་ཀྱི་ནང་ཆོས་ཆེས་དར་ཁྱབ་དང་ཆེས་ནང་ཆོས་ཀྱི་སྙན་གྲགས་ཀྱིས་ཁྱབ་ནས། ཆོས་ལ་དུག་ཏུ་ལྟ་མཁན་རྒྱ་ནག་དམར་པོའི་གཞུང་གི་འོག་ཏུ་གནས་པའི་རྒྱ་མི་རིགས་ས་ཡ་མང་པོས་ཀྱང་ཁྱོད་ཀྱི་མཚན་ཙམ་ཐོས་ནའང་དད་པའི་སྤུ་ལོང་དུ་གཡོ་བ། མདོར་ན་མི ཚོགས་དུང་ཕྱུར་མང་པོའི་དཀྱིལ་ལ་བོད་མིའི་ཆོས་དང་རིགས་གཞུང་ཞེས་འབུར་དུ་དོན་ནས་གནས་ཐུབ་པ་འདི་གཅིག་པུས་ཀྱང༌། མགོན་པོ་ཁྱོད་ཀྱི་ཆབ་འོག་པ་བདག་ཅག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་འཛམ་གླིང་མི་མང་དུང་ཕྱུར་མང་པོའི་དཀྱིལ་དུ་དམའ་མི་དགོས་པ་འདི་ལྟ་བུའི་བཀའ་དྲིན་གྱི་ཕུང་པོ་ནི་བརྗོད་མི་ཐུབ་པ་རིན་ཆེན་རི་རབ་སྤུང་བ་ལས་ལྕི་བ་གྱུར།

འོན་ཀྱང་ད་ལམ་ཕྱི་ལོ་༢༠༡༠ཕྱི་ཟླ་༡༡ཚེས་༢༣ཉིན་ལྡི་ལིར་གསར་འགོད་པར་བགྲེས་ཡོལ་ལ་ཕེབས་རྒྱུའི་བཀའ་ཕེབས་པར་གུས་འབངས་བདག་ཅག་རྣམས་མ་ཟད། གཞིས་བཞུགས་བོད་མི་རྣམས་ཡིད་གདུང་དྲག་པོས་ནོན་རྒྱུར་བདག་ཅག་གི་བློས་དཔོག་པ་ལགས། རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་ཞིང་བྲན་ཁྲི་ཚོ་བརྒྱར་བདེ་སྐྱིད་བསྐྲུན་ལུགས་བརྗོད་བཞིན་ཡང༌། རྒྱ་ནག་དམར་པོའི་གཞུང་གིས་བོད་སར་གོམ་པ་སྤོས་པ་ནས་བཟུང་སྟེ། ཆོལ་གསུམ་བོད་མི་ཡོངས་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་ཟམ་མ་ཆད་པར་བྱེད་བཞིན་པ་དང༌། ཕ་མེས་ཀྱི་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་འདི་འཛམ་གླིང་ནང་གི་གཞུང་རྙིང་ཤོས་ལགས་ཀྱང༌། ད་དུང་ཆོལ་གསུམ་བོད་འབངས་ཡོངས་ནས་ཆེས་གུས་བཀུར་དང༌། ཆེས་ཆེ་མཐོང་སྔར་ལས་ཆེ་བ་ཞུ་བཞིན་ལགས་ན། དེས་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྔར་བཞིན་སྐྱབས་འཇུག་ཡོང་བ་ལས། བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་གྱི་བཀའ་ནམ་ཡང་མི་རྩོལ་བ་དང༌། དེ་ཙམ་མ་ཟད་སླད་མར་ཡང་རྒྱལ་དབང་རིམ་འབྱོན་རྣམས་ནས་ཆོལ་གསུམ་བོད་འབངས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ནས་ནམ་ཡང་འདོར་བ་མེད་པ་ཞེས་སོར་བཅུའི་འདབ་མ་སྙིང་གར་བཀོད་དེ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

བདག་ཅག་སྐྱབས་འོག་པ་རྣམས་ནས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་རྗེས་སུ་མཐུན་པ་བླང་དོར་འཛོམ་མེད་ཚུལ་བཞིན་དུ་ཞུ་ཆོག་པ་བཅས་རྣམ་མཁྱེན་ཆོས་ཀློང་ཆེན་པོར་ཡུད་ཙམ་མངའ་བ་མཁྱེནེ། མཁྱེནེ། མཁྱེནེ། ཞེས་གསོལ་བ་འདེབས་རྟེན་རབ་དཀར་ལྷག་གོས་དང་ཧིན་སྒོར་༥༥༥།༠༠ བཅས་དྷ་ས་བཞུགས་སྒར་ས་གནས་འཐུས་མི་ཡོངས་ནས་བོད་རྒྱལ་ལོ། ༢༡༣༧ ལྕགས་སྟག་བོད་ཟླ། ༡༡  ། ཕྱི་མའི་ཚེས།། ༡ཉིན། ཕྱི་ལོ་༢༠༡༡ཟླ་༡ཚེས་༥ལ། ཕུལ་ཞེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།