དགོངས་ཚུལ།

གཞན་ལ་མ་བརྟེན་པར་སོ་སོ་རང་རྐྱ་ཐུབ་པ་ནི་གཟི་བརྗིད་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༧ཉིན། དེ་རིང་ཕྱི་ཚེས་༧ཉིན་གྱི་ཞོགས་པའི་ཕྱག་ཚོད་༩ཙམ་ལ། ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིའི་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཞོན་རྒྱ་རུ་སྒྲོལ་མ་བཅས་ཆེད་ཕེབས་གནང་ཡོད་པ་དང༌། དེ་མིན་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་༢༥ཙམ་ནས་སློབ་མ་༩༠ཡས་མས་ཤིག་དང༌། རིས་མེད་ཆོས་རྒྱུད་ཁག་གི་སྐུ་ཚབ་བཅས་ཚོགས་ཞུགས་གནང་འདུག

སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། ཁྱེད་རང་ཚོས་རང་སྐྱ་ཐུབ་པའི་སྒོ་ནས་ལོ་ལྟར་ཚོགས་འདུ་བཀོད་སྒྲིག་དང་དཔལ་འབྱོར་ཡོང་སྒོ་སོགས་སོ་སོས་མཁོ་སྒྲུབ་ཐུབ་ཀྱི་ཡོད་པ་དེ་ཞེ་དྲག་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་ཚོགས་འདུ་བཀོད་སྒྲིག་གནང་མཁན་དང་ཚོགས་ཞུགས་པ་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཡིན་ནའང༌། ཚོགས་འདུ་ཟེར་བ་དེ་རྒྱུ་མཚན་དམིགས་བསལ་བ་ཞིག་གི་ཐོག་ལ་བསམ་ཤེས་དང་གོ་བསྡུར་གནང་བའི་གོ་སྐབས་བཟང་པོ་ཞིག་ཡིན་པས་འདི་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཚོགས་འདུ་བཀོད་སྒྲིག་གནང་མཁན་ཚོས་དུས་ཚོད་རིང་པོ་སྤྱད་དེ་དཀའ་ངལ་ལ་མ་འཛེམས་པར་ཚོགས་འདུ་སྐོང་ཚོགས་བྱས་པ་ཡིན་དུས། ཉིན་གསུམ་གྱི་དུས་ཚོད་དེ་ཕྱོགས་གཅིག་ནས་བཤད་ན་ཧ་ཅང་ཐུང་ཐུང་རེད་དེ། འདུ་འཛོམས་དང་ཐུག་འཕྲད་བྱེད་པ་ཙམ་མ་ཡིན་པར་དུས་ཚོད་ཐུང་ཐུང་འདི་བེད་སྤྱོད་ཡག་པོ་ཞིག་བཏང་བ་ཡིན་ན་གཏོང་རྒྱུ་ཡོད་པ་རེད་ཅེས་དང༌།

ཡང་ཁོང་གིས། ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་དེ་གང་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། སྤྱིར་ང་ཚོར་བཀའ་མོལ་གནང་རྒྱུ་མང་པོ་ཞིག་ལྷག་ཡོད་རེད་དེ། གཏིང་ཟབ་མོ་ཞིག་གི་ཐོག་ནས་རང་ཉིད་ཚུད་པའི་བཙན་བྱོལ་ལ་ཡོད་མཁན་དང༌། བོད་ལ་ཡོད་པའི་གཞིས་ལུས་བོད་མི་ཚང་མའི་ངོས་ནས། བོད་མི་རིགས་ཟེར་བའི་ཤེས་ཡོན་དང་རྩོམ་རིག་སོགས་ཀྱིས་འཛམ་གླིང་ཐོག་འབུར་དུ་ཐོན་པའི་ལག་རྗེས་བཞག་ཡོད་པའི་མི་རིགས་དེ་ད་ལྟའི་གནས་བབ་གང་འདྲ་ཞིོག་ཆགས་ཡོད་པ་དང༌། མ་འོངས་པར་ཚོད་དཔག་གང་འདྲ་བྱེད་ཐུབ་ས་རེད།  མི་རིགས་འདིའི་མ་འོངས་པའི་ཆེད་དུ་ད་ལྟ་འཚར་བཞིན་པའི་ན་གཞོན་ཚོ་ལ་འོས་འགན་གང་འདྲ་ཞིག་ཕྲག་ཏུ་བབས་ཡོད་པ་དེ་ཚོ་ཕྱོགས་རིས་པ་དང་རགས་པ་ཙམ་མ་ཡིན་པར་ཕྱོགས་ཡོངས་ནས་གཏིང་ཟབ་མོས་དགོངས་པ་བཞེས་དགོས་པ་དེ༌། གཞན་ལ་མགོ་སྐོར་གཏོང་བའམ་བྱུང་རབས་ཀྱི་གནད་དོན་ཙམ་མིན་པ་གསལ་བོ་རེད།

ཁྱེད་རང་ཚོའི་སྒྲོག་ཚིག་གམ་གླེང་གཞི་དེ་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཟེར་བ་དེ་ཧ་ཅང་ཡག་པོ་ཞིག་བདམས་འདུག་བསམ་གྱི་ཡོད། སྤྱིར་བཏང་ཆོས་ལུགས་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་རང་ངོ་རང་གིས་མ་ཤེས་པའི་དབང་གིས། རང་སེམས་རང་གིས་མ་རྟོགས་པའི་དབང་གིས་འཁོར་བ་ལ་འཁྱམ་གྱི་ཡོད་པ་རེད་ཟེར་བ་དང༌། བདག་ཡོད་འདོད་མཁན་ཡིན་འདྲ་བདག་མེད་འདོད་མཁན་ཡིན་འདྲ། འཇིག་རྟེན་གྱི་ཆོས་རྒྱུད་མང་ཆེ་བས་སྡུག་བསྔལ་གྱི་རྩ་བ་མ་རིག་པ་དང༌། མ་རིག་པ་ཟེར་བ་དེ་རང་ངོ་མ་ཤེས་པ་ཞིག་ལ་རྩི་བཞིན་ཡོད་པ་རེད། སྤྱི་ཚོགས་དང་ཆབ་སྲིད་གང་གི་ངོས་ནས་བལྟས་ནའང་སོ་སོ་ངོས་འཛིན་ཟེར་བ་དེ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ལ།  ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་དུ་ཡོད་མཁན་ཚོས་ཕྱོགས་གཅིག་ནས་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་སུ་འགྲོ་བ་དང་བསྟུན་ནས་དཔལ་འབྱོར་མཁོ་སྒྲུབ་ཀྱིས་གོ་ལ་གཅིག་གྱུར་གྱི་ལམ་སྲོལ་ཤུགས་ཆེན་པོ་ཞིག་ཏུ་སླེབས་ཡོད་པ་རེད། གོ་ལ་གཅིག་གྱུར་གྱི་ལམ་སྲོལ་འདིའི་ནང་མི་སྒེར་དང་སྤྱི་ཚོགས་བྱེ་བྲག་པའི་གནས་བབ་དེ་རིམ་པས་ཡལ་འགྲོ་བ་དང༌། སྤྱི་ཡོངས་ཀྱི་གནས་བབ་གསར་བ་ཞིག་ཡོང་པའི་ཤུགས་རྐྱེན་ཆེན་པོ་ཞིག་སླེབས་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད། སྐབས་དེར་དམིགས་བསལ་གྱི་དཀའ་ངལ་ཞིག་ག་རེ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཟེར་ན། སོ་སོའི་ངོ་བོ་དང་ངོས་འཛིན་དེ་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཀྱང་ངོས་འཛིན་བྱེད་དགོས་པ་ཞིག་ཏུ་ཆགས་ཡོད་པ་རེད།

དེང་དུས་ཀྱི་འཁོར་ཡུག་གི་ཉམས་ཆག  དཔལ་འབྱོར་གྱི་དར་རྒུད། ཆོས་ལུགས་ཀྱི་འཐེན་འཁྱེར་སོགས་གང་ལ་བལྟས་བ་ཡིན་ནའང། ང་ཚོའི་མི་རབས་འདིས་དཀའ་རྙོག་ཆེན་པོ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་དུས། རང་ངོ་རང་གིས་གསལ་པོ་ཞིག་ཤེས་དགོས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་བྱུང༌།

དེ་རྗེས་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སློབ་གནང་རྒྱུར།

སྤྱིར་བཏང་གོང་དུ་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམས་གཉིས་ཀྱིས་གསུངས་བ་ལས་ལྷག་པ་ཞིག་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད།   གཙོ་བོ་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་འགྲེལ་བཤད་རྒྱག་མི་དགོས་པ་ཞིག་རེད། དེ་རིང་འདིར་ཕེབས་པ་ཚང་མ་སློབ་གཉེར་གནང་མཁན་དང༌། ཤེས་ཡོན་གྱི་ཚད་གང་ལ་གང་འཚམ་་ལ་སླེབས་ཡོད་མཁན་རྐྱང་རྐྱང་ཡིན་ལ། ཤེས་ཡོན་གྱི་ཕན་ནུས་དང་དགོས་པ་སོགས་ལ་རང་ཉིད་ཀྱིས་དངོས་སུ་ཉམས་སུ་མྱོང་མཁན་ཤ་སྟག་ཡིན་པས་ངས་མང་པོ་ཞུ་དགོས་དོན་མི་འདུག

ཁ་སང་དགོང་མོ་ནས་སང་ཉིན་ངས་སྐད་ཆ་བཤད་དགོས་པས་ཚིག་ཁ་ཤས་ཤིག་བཤད་རྒྱུ་མེད་ན་འགྲིག་གི་མ་རེད་བསམ་ནས་བསམ་བློ་བཏང་བ་ཡིན། ཡིན་ནའང་མཐའ་མ་དེར་ཤེས་ཡོན་ཟེར་བའི་ཚིག་གཉིས་མ་གཏོགས་དྲན་མ་བྱུང༌། སྤྱིར་བཏང་ཤེས་ཡོན་ཟེར་བའི་ཚིག་གཉིས་དེ་ཤེས་བྱ་དང་ཡོན་ཏན་གཉིས་ལ་གོ་དགོས་པ་འདྲ། ཡང་ཤེས་བྱ་ཟེར་དུས་ཧ་ཅང་རྒྱ་ཆེན་པོ་ཞེ་དྲག་རེད། བོད་རང་གི་རིག་གནས་ཀྱི་ཆ་ནས་བཤད་ནའང་ཤེས་བྱ་རིག་པའི་གནས་ཆེ་ཆུང་བཅུ་ཟེར་བ་ལྟ་བུ་དང། ཡང་དེང་དུས་ཀྱི་ཤེས་བྱ་ལའང་རིགས་འདྲ་མིན་སྣ་ཚོགས་ཡོད་པ་རེད།

ཡང་ཡོན་ཏན་ཟེར་དུས་ཙ་ནས།  སློབ་སྦྱོང་བྱས་ནས་བློ་རིག་རྒོད་པོ་ཆགས་རྒྱུ་དང༌། གཙོ་བོ་སེམས་རྒྱུད་ལ་འགྱུར་བ་གཏོང་བ་དང་བཟང་ཕྱོགས་ནས་ཡར་རྒྱས་གཏོང་བ་ཞིག་ལ་ཡོན་ཏན་ཟེར་གྱི་ཡོད་པ་འདྲ། དེ་འདྲ་ཞིག་ཡིན་དུས། ཡོན་ཏན་དེ་རྨང་གཞི་བྱས་པའི་ཐོག་ནས་ཤེས་བྱ་རིག་པའི་གནས་འདྲ་མིན་ལ་སློབ་སྦྱོང་བྱས་པ་ཡིན་ན་ཕལ་ཆེར་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཏུ་ཆགས་ཀྱི་ཡོད་པ་རེད། དེང་སང་སྤྱི་ཚོགས་ཐོག་རིག་གནས་ཀྱི་ཆུ་ཚད་ལེགས་པོ་ཡོད་པའི་མཐོ་རིམ་སློབ་མ་མང་པོ་ཞིག་ཐོན་གྱི་ཡོད་ནའང༌། མིའི་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་མེད་པ་དང་མི་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་སྤྱི་ཚོགས་ལ་གཏོར་བརླག་དང་རྙོག་དྲ་སྣ་ཚོགས་བཟོ་བཞིན་ཡོད་པ་རེད། དཔེར་ན། རྒྱ་ནག་འདྲ་བོ་ཞིག་ཡིན་ནའང། ཕྱི་དཔལ་འབྱོར་སོགས་ཀྱིས་གང་འཚམ་ཡར་རྒྱས་སུ་འགྲོ་བཞིན་ཡོད་ནའང༌། རིག་གནས་འདྲ་མིན་གྱི་ཤུགས་རྐྱེན་འོག རིག་གནས་གསར་བརྗེ་སྐབས་སོགས་ལ་བུ་ཕྲུག་གིས་རང་གི་ཕ་མ་གཡོ་ཚོང་བྱས་ནས་ཕ་མ་ལ་འཐབ་རྩོད་བཏང་བ་ལྟ་བུ་མིའི་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་མེད་པའི་རྐྱེན་གྱིས་མི་ཆོས་ལས་འདས་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་དང༌། དེའི་བག་ཆགས་མཐུག་པོ་ཡིས་དེང་སྐབས་གཞོན་སྐྱེས་མང་བོ་ཞིག་ལ་སྤྱིར་བཏང་གི་མི་ཞིག་ཡིན་པའི་འགན་འཁུར་དང་གོ་རྟོགས་མེད་པའི་དབང་གིས་སྤྱི་ཚོགས་ཧྲིལ་པོ་ལ་དཀའ་ངལ་སྣ་ཚོགས་བྱུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས། གོང་ནས་གསུངས་པ་ནང་བཞིན། རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཟེར་བ་དེ་གཙོ་བོ་སློབ་གསོ་ལ་རིགས་གཉིས་སུ་དབྱེ་རྒྱུ་ཡོད་པ་སྟེ། གཅིག་ནས་ཕྱིའི་ཤེས་བྱ་རིག་གནས་ལ་སློབ་སྦྱོང་བྱེད་པ་དང༌། གཉིས་ནས་ནང་སེམས་ཀྱི་འཁྱེར་སོ་ལ་བཟང་ཕྱོགས་ནས་འགྱུར་བ་གཏོང་པ་དང༌། མི་ཞིག་ཡིན་པའི་ཆ་ནས་ལེགས་ཉེས་བླངས་དོར་ལ་མགོ་མི་རྨོངས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལ། དེ་ནི་ཆོས་འཇིག་རྟེན་གང་ལ་མཚོན་པ་ཡིན་ནའང་རྨང་གཞི་ལྟ་བུ་ཞིག་ཆགས་ཡོད་པ་རེད།

ཡང་ཁོང་གིས་མུ་མཐུད་ནས། ལྷག་པར་དུ་བོད་རིགས་ཤིག་ཡིན་པའི་ཆ་ནས། རང་རེའི་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་ཉམ་ཐག་པ་དང་གཉན་འཕྲེང་ཅན་གྱི་དུས་སྐབས་ཤིག་ལ། ང་ཚོ་ལ་ངེས་པར་དུ་དགོས་པ་ནི་ཕྱིའི་ཤེས་བྱ་རིག་གནས་ཀྱི་ཆུ་ཚད་མཐོན་པོ་དགོས་པ་མ་ཟད། རང་མི་རིགས་ལ་ལྷག་བསམ་དང་ཤ་ཞེན། རང་གི་མི་རིགས་དང་ཕ་ཡུལ་ལ་ལེགས་སྐྱེས་ཕུལ་བའི་ཆོད་སེམས་བརྟན་པོ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཞིག་ཡོང་བ་ལ་ཕྱིའི་ཤེས་བྱ་རིག་གནས་ལ་སློབ་སྦྱོང་བྱས་པ་ཙམ་གྱིས་མི་ཕན་པར་རང་གི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ངོ་ཤེས་པར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་གསུངས་སོང།

དེ་རྗེས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོིན་ཆེན་མོ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གསུངས་བཤད་གནང་གྲུབ་རྗེས། ཐེངས་འདིའི་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཉིན་གཉིས་པའི་ཞོགས་པའི་མཛད་རིམ་རྣམས་ལེགས་པར་མཇུག་བསྡུས་སོ།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཡི་གེར་ཕབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།