དགོངས་ཚུལ།

བགྲེས་ཡོལ་གྱི་བཀའ་མོལ་ནམ་ཡང་མ་གསུང་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༦ཉིན། ཟླ་འདིའི་ཚེས་༥ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་འདེབས་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།

སྙན་ཞུ་དེའི་ནང་། ལྷར་བཅས་སྲིད་ཞིའི་གཙུག་རྒྱན།   འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད།  སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ྋཞབས་པད་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ། སྒོ་གསུམ་གུས་འབངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་སོར་བཅུའི་འདབ་མ་སྤྱི་བོར་བཀོད་ནས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་ཞུ་གསོལ་འདེབས་སྙིང༌། གངས་རིའི་མགོན་པོ་གང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཇུག་བསྡོམས་མཛད་སྒོའི་སྐབས་དང༌། ཊོ་རོན་ཊོར་རྒྱ་རིགས་མང་ཚོགས་ཁྲོད་ནས་དྲི་བ་ཕུལ་བར་བཀའ་ལན་སྩལ་སྐབས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཀྱི་དུས་དྲན་མཛད་སྒོའི་སྐབས། ལྡི་ལིར་གསར་འགོད་པར་བཀའ་ལན་སྩལ་སྐབས་སོགས་སུ་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ཕེབས་བཞེད་སྐོར་བཀའ་སློབ་རིམ་ཕེབས་ལ་གཞིས་བྱེས་བོད་མི་རྣམས་ནས་བློ་འཚབ་དང་སེམས་ངལ་ཅི་ཆེའི་ངང་དེ་ལྟའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་ྋསྙན་ཞུ་རིམ་པར་ཕུལ་དང་འབུལ་བཞིན་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུའང་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་བཞེད་ཀྱི་བཀའི་ཕེབས་སྒོར་བློ་འཚབ་ཧ་ཅང་ཆེན་པོའི་ངང་གོ་བསྡུར་སྔ་རྗེས་ཞུས་པར། མགོན་པོ་གང་ཉིད་ཀྱིས་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཤིན་ཏུ་ཆེན་པོས་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་སླད་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འགན་བཞེས་མ་ཐག་པ་ནས་གཞུང་གི་སྒྲིག་འཛུགས་ལ་ལེགས་བཅོས་མཛད་པ་དང༌། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཉིད་དུ་མི་མང་འཐུས་མི་འོས་འདེམས་དང༌། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཁྱབ་བསྒྲགས་མཛད་པ། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྒྱ་བསྐྱེད་དང་འབྲེལ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གསོལ་སྩལ།

ལྷག་པར་ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་ཚོགས་ཀྱི་འགོ་ཁྲིད་མང་ཚོགས་རང་གིས་འདེམས་པའི་ལམ་སྲོལ་བཏོད་གནང་མཛད་པ་སོགས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་གཞི་དང་མཛད་འཕྲིན་ཉག་ཅིག་ལས་བྱུང་བ་རྣམས་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བསྐངས་ཏེ་ཕུལ་ཀྱང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་གཞལ་བར་མི་ནུས་པ་མ་ཟད། བར་ལམ་བཀའ་སློབ་རིམ་ཕེབས་རྣམས་ཀྱང་བོད་འབངས་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ཐུགས་བརྩེ་བ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་སྨོས་ཅི་དགོས། འོན་ཏེ་བདག་ཅག་བོད་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཉག་ཅིག་གིས་འཚོ་བ་དང༌། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུའམ་དུས་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་པ། ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་དང༌། ལྷག་པར་ཕྱི་ལོ་ ༢༠༡༠ ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་སྤྱི་མོས་གྲོས་ཆོད་ཡིག་ཆ་ཨང་ ༦༣ པའི་དགོངས་དོན་བཅས་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བསྐོང་ཚོགས་ཞུས་པའི་སྐབས་སུའང་ཚོགས་མི་ཡོངས་ཀྱི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་ཁོངས་ཆབ་སྲིད་དང་འབྲེལ་བའི་དོན་ཚན་དང་པོ་ཉིད་དུ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང༌། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་ྋསྙན་གསན་ཞུ་རྒྱུ། ཞེས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ནས་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་མཁྱེན། མཁྱེན། མཁྱེན་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་རྟེན་ལྷ་གོས་དྲི་བྲལ་དང༌། མཎྜལ་རྟེན་དོད་སྒོར་ ༥༥ བཅས། བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༥ ལ་ཕུལ་བའི་ྋསྙན་ཞུ་ཞེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།