རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༡ཟླ་༡ཚེས་༤ཉིན། རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༥པ་དེ་ཟླ་འདིའི་ཚེས་༦ནས་ཚེས་༡༠བར། ཁྱོན་ཉིན་གྲངས་༥རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་རྒྱུ་ཡིན་འདུག

ཐེངས་འདིར་རྒྱ་གར་གྱི་ས་གནས་སམ་མཐོ་རིམ་སློབ་གཉེར་ཁང་༢༥ཙམ་ནས། བོད་རིགས་མཐོ་རིམ་སློབ་མ་༨༥ཙམ་འདུ་འཛོམས་ཀྱིས། བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་དང༌། གཞན་ཡང་བོད་རང་དབང་འཐབ་རྩོད་པ་སོགས་གདན་ཞུས་ཀྱིས་དེ་དག་ལྷན་དུ་བགྲོ་གླེང་དང་དྲི་བར་དྲིས་ལན་གནང་རྒྱུ་མ་ཚད། ཐེངས་འདིར་བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བཙནབྱོལ་བོད་གཞུང་གི་ལྷན་ཁང་ཁག་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ལ་གཟིགས་སྐོར་ཡང་གནང་རྒྱུ་ཡིན་པ་རེད།

ཡང་ཚོགས་ཆེན་དེའི་ཐོག་ནས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཚོགས་ནས་ད་བར་གྱི་གྲུབ་འབྲས་ལ་བསྐྱར་ཞིབ་དང༌། ཚོགས་ཆེན་གྱི་འགྲོ་གྲོན་ཞལ་འདེབས་སློང་མི་དགོས་པར། སློབ་མ་རང་ངོས་ནས་དཔལ་འབྱོར་བསྒྲུབ་ཀྱི་ཐབས་ལམ་གཏན་འབེབས་དང༌། ཚོགས་ཆེན་གྱི་གྲོས་འཆར་གྲོས་ཆོད་གཞག་རྒྱུ། ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཡུལ་ས་གནས་དང་སྤྱི་ཁྱབ་འབྲེལ་མཐུད་པ་བཅས་འདེབས་རྒྱུ་ཡིན་པ་རེད།

ཚོགས་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་དབྱིན་བོད་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་ www.tcsc.net.in ཞེས་པ་དེ་དབུ་འབྱེད་གནང་རྒྱུ་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གིས་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་༽དང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མའམ་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་༼ཐེའུ་རང་༽མཆོག་ལ་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གི་༼དཔའ་བོའི་སྙིང་སྟོབས་ཀྱི་རྟགས་མ་༽ཞེས་པའི་གཟེངས་རྟགས་བཅས་འབུལ་རྒྱུ་ཡིན་འདུག

གཞན་ཡང་ཚོགས་ཆེན་དེའི་ཐོག་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཐེངས་འདིའི་འགྲན་རྩོམ་གྱི་ཨང་རིམ་ཐོབ་མཁན་རྣམས་ལ་གཟེངས་རྟགས་གསོལ་རས་གནང་རྒྱུ་དང༌། ཚོགས་ཆེན་གྱི་དྲ་རྒྱ་གསར་བཟོ་གནང་མཁན་བཀྲ་ཤིས་ཚེ་རིང་ལགས་ལ་གཟེངས་བསྟོད་གསོལ་རས་བཅས་གནང་རྒྱུ་ཡིན་འདུག

ཚོགས་ཆེན་ཐོག་བཀའ་སློབ་དང་གསུང་བཤད་གནང་མཁན། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང༌། བཀའ་ཁྲི་ཟམ་གདོན་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད།

བརྗོད་གཞི། ༼བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི་༽ཞེས་པའི་བརྗོད་གཞི་ཐོག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཐོག་སློབ་མ་ནང་ཁུལ་བགྲོ་གླེང་དང༌། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་༼ད་ལྟའི་ཆར་བཙན་བྱོལ་ནང་གི་ཤེས་ཡོན་སློབ་གསོའི་སྟོང་ཆ་དང༌། དེར་ཁ་གསབ་དང་འཕེལ་རྒྱས་གཏོང་བའི་འཛིན་སྐྱོང་ཐབས་ལམ་༽སྐོར་གསུང་བཤད་གནང་རྒྱུ། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་༼འདས་པའི་བོད་ཁྱིམ་ཤེས་ཡོན་སློབ་གསོའི་ཉམས་མྱོང་ལས་མ་འོངས་འཕེལ་རྒྱས་ཀྱི་ལས་འཆར་༽སྐོར་གསུང་བཤད། ༼བཙན་བྱོལ་བོད་གཞུང་གི་མང་གཙོ་འཕེལ་རྒྱས་ཀྱི་གལ་གནད་དང༌། དེ་ལས་སྐབས་བབ་བཀའ་སྤྱིའི་འོས་འདེམས་ཀྱི་ཆ་ཤས་ལེན་དགོས་པའི་འོས་འགན་ཞེས་པའི་བརྗོད་གཞི་ཐོག་༽རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་དུ་སློབ་མ་ནང་ཁུལ་བགྲོ་གླེང་གནང་རྒྱུ། ས་རཱའི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག་གིས་༼བོད་སྐད་ཡིག་གི་བྱུང་རིམ་དང༌། མཚོ་སྔོན་ཕྱོགས་ཀྱི་བོད་རིགས་སློབ་ཕྲུག་རྣམས་ཡང་ལངས་བྱེད་དགོས་པའི་རྒྱུ་མཚན། དེ་ལས་ངེད་ཅག་རང་དབང་ལུང་པ་ནང་ཡོད་པའི་སློབ་ཕྲུག་རྣམས་ཀྱིས་བསླབ་བྱ་ཅི་ཞིག་ལེན་དགོས་༽ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ། དེར་འཕྲོས་སློབ་མ་ནང་ཁུལ་བགྲོ་གླེང་བཅས་གནང་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཚོགས་ཆེན་ཐོག༼ངལ་གསོ་ཡིད་ཀྱི་དགའ་སྟོན་༽ཞེས་པའི་སྤྲོ་ཚོགས་ཤིག་ཀྱང་གོ་སྒྲིག་གནང་རྒྱུ་མ་ཟད། ཚོགས་ཆེན་མཇུག་སྡོམ་ཉིན་མོར་ཚོགས་བཅར་བ་མཐོ་རིམ་སློབ་མ་ནང་ཁུལ་དུ་ལག་རྩེད་སྤོ་ལོ་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་འདུག

རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༥པ་འདི་ཉིད་གོ་སྒྲིག་གནང་མཁན་ས་གནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་ཚོགས་ཆུང་དང༌། གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་སློབ་དཔོན་ནམས་རྒྱལ་མཚན་ལགས་དང༌། ཚོགས་གཙོ་བསྟན་འཛིན་བཀྲ་ཤིས། སྤྱི་ཁྱབ་འབྲེལ་མཐུད་པ་ལུང་རྟོགས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ངག་དབང་བརྩོན་འགྲུས་སོགས་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།