ངས་ཁྱེད་ཚོ་མ་འོངས་བོད་ཀྱི་སོན་རྩ་རེད་ཅེས་ལབ་མི་ཐུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡ཉིན། གལ་སྲིད་མ་འོངས་ཁྱེད་ཚོ་བོད་པ་ཕྱེད་ཀ་ཞིག་ཆགས་པས་ན། བོད་པ་ཕྱེད་ཀ་ཡིན་པའི་སོན་དེའི་འབྲས་བུ་ཡང་བོད་པ་ཕྱེད་ཀ་ཞིག་ཆགས་ཀྱི་རེད་མ་གཏོགས། བོད་པ་ཆ་ཚང་ཞིག་སྨིན་ཐུབ་ཀྱི་མ་རེད་ཅེས་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་གནང་སོང༌།

དེ་ཡང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་༡༡པའི་སློབ་མ་དང༌། གཞན་ཡང་མཐོ་རིམ་སློབ་མ་རྣམས་ལ་ཟབ་སྦྱོང་ཞིག་ལོ་ལྟར་གོ་སྒྲིག་གནང་བཞིན་པ་ལྟར། འཛིན་རིམ་༡༡པའི་སློབ་མ་རྣམས་ཀྱི་ཟབ་སྦྱོང་དེ་ཉེ་ཆར་ཕྱི་ཟླ་༡༢པའི་ཚེས་༢༦ཉིན་དྷ་ཤོད་བོད་ཁྱིམ་དུ་འགོ་འཛུགས་བྱས་ཡོད་པ་དང༌། ཁ་སང་ཕྱི་ཚེས་༣༡ཉིན་སློབ་མ་རྣམས་ཀྱི་ཟབ་སྦྱོང་ཐོག་བཀའ་སློབ་གནང་མཁན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་འདུག

སྐབས་དེར་དམིགས་བསལ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་༧དང༌། གཞན་དགེ་རྒན་ཁག་ཅིག་ཐེ་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༡༨ཀྱི་འཛིན་རིམ་༡༡པའི་སློབ་མ་བཅས་ཁྱོན་མི་གྲངས་༡༡༧ཙམ་ལ་བཀའ་ཁྲི་མཆོག་གིས། ༼དེང་གི་སློབ་གཉེར་བ། མ་འོངས་བོད་ཀྱི་སོན་རྩ་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་དོན།

ནུབ་ཕྱོགས་ཚན་རིག་པ་དེ་ཚོས་ས་བོན་འདྲ་མིན་མང་པོ་བཟོ་བཞིན་ཡོད་པ་རེད། ད་ཁྱེད་རང་ཚོ་འཛིན་གྲྭའི་ནང་ས་བོན་གང་འདྲ་ཞིག་བཟོས་ཡོད་མེད་ངས་ཤེས་ཀྱི་མ་རེད། ས་བོན་གཙང་མ་ཞིག་བཟོས་ཡོད་འགྲོ ཡང་ན་རྫས་སྦྱོར་གྱི་རིགས་འདྲེས་པ་དཔེར་ན། དེང་སང་རྒྱ་ནག་ནང་ས་བོན་དེ་སོ་སོ་ཁོ་ན་ཡིས་དབང་བསྒྱུར་བྱ་ཆེད། འདྲེས་སྦྱོར་བྱས་ནས་ཐེངས་གཉིས་པར་སོན་འདེབས་པར་ཕན་ཐོགས་མེད་པ་བཟོ་བ། དེ་བཞིན་དུ་ཤིང་ཐོག་དང་ཟ་འབྲུའང་དེ་བཞིན་རེད། ཕར་ཚུར་བསྲེས་ནས་རིགས་འདྲེས་པའི་སོན་བཟོ་བཞིན་ཡོད་པ་རེད། དཔེར་ན་རྟ་དང་བོང་བུ་འདྲེས་པ་ལ་དྲེའུ་ཟེར་བ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་གར་དང་ནུབ་ཕྱོགས་པ་འཆང་ས་བརྒྱབ་ནས་སྐྱེས་པའི་བྱིས་པ་དེ་ཚོར་ Androgen indian ཟེར་གྱིན་ཡོད་པ་རེད། དེ་ཚོ་རིགས་འདྲེས་པ་ཞིག་རེད།

དེ་རིང་ཁ་སང་ས་བོན་ལ་བཟོ་བཅོས་འདྲ་མིན་རྒྱག་རྒྱུ་ཡོད་དུས། མིའི་བསམ་བློ་ལའང་བཟོ་བཅོས་འདྲ་མིན་རྒྱག་རྒྱུ་ཡོད་པ་ཞིག་རེད། དེར་བརྟེན་ཁྱེད་རང་ཚོ་གདོང་ལ་བལྟས་པ་ཡིན་ན། བོད་པ་བཟོ་འདྲ་དང༌། བསམ་བློ་གཏོང་སྟངས་དེ་ཕྱི་གླིང་པ་ཡིན་པ་བཟོ་འདྲ། ལས་ཀ་བྱེད་སྟངས་ལ་བལྟས་པ་ཡིན་ན་རྒྱ་གར་ཡིན་པའི་བཟོ་འདྲ་ཆགས་པའི་ཉེན་ཁ་ཡོད་པ་རེད། སོན་རྩ་ཡག་པོ་ཞིག་ཆགས་དང་མ་ཆགས་ཟེར་བ་དེ་སོ་སོ་རང་གི་ལག་པ་རེད། ཁྱེད་རང་ཚོ་བོད་པ་གཙང་མ་ཞིག་དང༌། ཁྱེད་རང་ཚོའི་འབྱུང་འགྱུར་གྱི་མི་རབས་དེ་བོད་པ་གཙང་མ་ཞིག་བཟོ་རྒྱུར་འབད་བརྩོན་བྱས་ནས་གྲུབ་འབྲས་ཐོན་པས་ན། ད་ལྟ་སློབ་གཉེར་བྱེད་མཁན་ཁྱེད་རང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཆགས་ཀྱིན་ཡོད་པ་དེ་བཤད་མི་དགོས་པ་ཞིག་རེད།

ཁྱེད་རང་ཚོ་བོད་པ་གཙང་མ་ཞིག་མ་ཆགས་པས་ན། ཉེ་ཆར་༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་སྲོལ་རྒྱུན་གྱི་ཤེས་ཡོན་མེད་པས་ན་བོད་པ་ཕྱེད་ཀ་ཅིག་ཆགས་ཀྱི་རེད་ད་ཞེས་གསུངས་ཡོད་པ་རེད། བོད་པ་ཕྱེད་ཀ་ཞིག་ཆགས་པས་ན། བོད་པ་ཕྱེད་ཀ་ཡིན་པའི་སོན་དེའི་འབྲས་བུ་ཡང་བོད་པ་ཕྱེད་ཀ་ཞིག་ཆགས་ཀྱི་རེད་མ་གཏོགས། བོད་པ་ཆ་ཚང་ཞིག་སྨིན་ཐུབ་ཀྱི་མ་རེད། མ་འོངས་བོད་ཀྱི་སོན་རྩ་ཆགས་མིན་དེ་ཁྱེད་རང་ཚོ་རང་གིས་སློབ་སྦྱོང་གནང་སྟངས་དང༌། མི་ཚེ་སྐྱེལ་སྟངས། མི་ཚེའི་འཚོ་བའི་མདུན་ལམ་སྟོན་སྟངས་དེ་ཚོ་ལ་བརྒྱ་ཆ་བརྒྱ་ཐམ་པ་རག་ལུས་ཡོད་པ་ཞིག་རེད།

དེར་བརྟེན་ངས་ཁྱེད་རང་ཚོ་མ་འོངས་བོད་ཀྱི་སོན་རྩ་རེད་ཅེས་ལབ་ཐུབ་ཀྱི་ཡོད་པ་མ་རེད། ཁྱེད་ཚོ་དེང་གི་སློབ་གཉེར་བ་རེད་ཅེས་དེ་ཡང་ལབ་ཐུབ་ཀྱི་ཡོད་པ་མ་རེད། མ་རེད་ཅེས་དེ་ལས་ཀྱང་ལབ་ཐུབ་ཀྱི་མ་རེད། ཡིན་པ་ལ་རེ་བ་རྒྱག་གིན་ཡོད་པ་རེད། སློབ་གཉེར་བ་ཡིན་པར་རེ་བ་རྒྱག་གིན་ཡོད་པ་རེད། སློབ་གཉེར་བ་ཡིན་དུས་མ་འོངས་བོད་ཀྱི་སོན་རྩ་ལ་རེ་བ་རྒྱག་གིན་ཡོད་པ་རེད།

དེ་སྔོན་ཕྱི་ལོ་༡༨༢༠རྩ་གྲངས་ནང་རྒྱ་གར་ནང་དབྱིན་ཇིའི་ཤེས་ཡོན་ལམ་སྟོན་ཐོག་མར་སླེབས་པའི་སྐབས་སུ། དབྱིན་ཇིའི་སྐུ་ཞབས་མ་ཀི་ལིས་ཟེར་བ་ཞིག་ཡོད་པ་རེད། ཁོང་གིས་དབྱིན་ཇིའི་ཤེས་ཡོན་སྲིད་བྱུས་རྒྱ་གར་ནང་ལག་ལེན་བསྟར་རྒྱུ་བཟོ་བའི་སྐབས་སུ། ཁོང་གིས་ག་རེ་གསུངས་པ་རེད་ཟེར་ན། རྒྱ་གར་གྱི་པགས་པའི་མདོག་དེ་འགྱུར་བ་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། རྒྱ་གར་གྱི་པགས་པའི་མདོག་ནག་པོ་དེ་རང་འཇགས་སྡོད་ཀྱི་རེད་མ་གཏོགས། དེ་ལས་གཞན་པའི་བསམ་བློ་གཏོང་ཕྱོགས་དང༌། སྐད་ཆ་ཤོད་སྟངས། དགའ་མོས་བྱེད་སྟངས། འདོད་པ་བྱེད་སྟངས། ལས་ཀ་བྱེད་སྟངས་ཚང་མ་དབྱིན་ཇི་ཡིན་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། བཟོ་ཐུབ་ཀྱི་རེད། དེ་འདྲ་ཞིག་བཟོས་པ་ཡིན་པས་ན། དབྱིན་ཇིས་རྒྱ་གར་ལ་དབང་བསྒྱུར་དེ་གཏན་འཇགས་གནས་ཐུབ་ཀྱི་རེད་ཅེས་བཤད་ཡོད་པ་རེད། རྒྱ་གར་རང་གི་མི་རིགས་ཡིན་པ་གང་ཞིག་ལ། སློབ་གསོའི་ལམ་ནས་དབྱིན་ཇི་རང་ཡིན་པའི་གྲལ་རིམ་ཞིག་བསྐྲུན་པས་ན། ང་ཚོ་མི་མང་པོ་ཞིག་འདིར་ཡོང་ནས་ལས་ཀ་བྱེད་དགོས་པ་ཡོད་པ་མ་རེད། ང་ཚོ་ལོན་ཊོན་ལ་བསྡད་ནས་ཐག་རིང་པོ་ནས་སྟངས་འཛིན་བྱེད་ནས་རྒྱ་གར་གྱི་སྲིད་དབང་དེ་འཛིན་ཐུབ་ཀྱི་རེད་ཅེས་བཤད་ཡོད་པ་རེད།

ཁོང་གི་ཤེས་ཡོན་སྲིད་བྱུས་དེ་རྒྱ་གར་རང་བཙན་ཐོབ་ནས་ལོ་དྲུག་ཅུ་རེ་གྲངས་ཕྱིན་ཡོད་ནའང༌། ད་དུང་གཙང་མ་གཙང་རྐྱང་ཞིག་བཟོ་ཐུབ་ཡོད་པ་མ་རེད། དེའི་རྒྱུན་དེ་ཡང་ང་ཚོ་བོད་པའི་སློབ་ཕྲུག་དེ་ཚོར་ཐོན་བསྡད་ཡོད་པ་རེད། དེར་བརྟེན་མ་འོངས་པར་བོད་པ་གཙང་མ་ཞིག་ཆགས་ས་རེད་དམ་མ་རེད། བོད་པ་གཙང་མ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད་དམ་མ་རེད། དེ་ཚོ་ཚང་མ་ཁྱེད་རང་ཚོས་དགོངས་པ་བཞེས་དགོས་ཀྱི་ཡོད་པ་རེད། སོ་སོས་ཐག་གཅོད་གནང་དགོས་པ་ཞིག་རེད། དེ་རིང་བརྗོད་གཞི་དང་འབྲེལ་བའི་འདིར་ཕེབས་པ་ཁྱེད་རང་ཚོ་ཚང་མ་སློབ་གྲྭ་བ་ཡིན་པ་ཤ་སྟག་རེད། འོན་ཀྱང་སློབ་གཉེར་བ་ཡིན་མིན་དེ་རང་གིས་རང་ལ་ཞུ་དག་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་སོང༌།

སྐབས་དེར་བཀའ་ཁྲི་མཆོག་གིས་སློབ་མ་༡༠ཙམ་གྱི་དྲི་བར་ལན་འདེབས་གནང་སོང་ལ་དེའི་ནང༌། ༡། མཱ་སུ་རི་བོད་ཁྱིམ་གྱི་སློབ་མ་ངག་དབང་ཡེ་ཤེས་ཀྱི་དྲི་བ་དུས་ཡུན་ཆུ་ཚོད་༣རིང་གི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་ཚད་དེས་སློབ་མའི་ཤེས་ཚད་རྟོགས་ཐུབ་བམ་ཞེས་པའི་ལན་དུ།

བཀའ་ཁྲི་མཆོག་གིས། དེའི་ལན་ཆ་ཚང་ཞིག་ཞུ་ཐུབ་ས་མ་རེད། ཤེས་ཡོན་གྱི་ཆུ་ཚད་ཟེར་བ་དེ་ནད་པར་སྨན་པས་ཚ་བ་ལྟ་བ་ནང་བཞིན་དང༌། སྣོད་ཅིག་གི་ནང་ཆུའི་ཚད་མཇལ་བ་ལྟ་བུ་དེ་འདྲ་ཁག་པོ་རེད། དེང་རབས་ཀྱི་ཡིག་ཚད་དེས་སློབ་མའི་ཆུ་ཚད་མཇལ་མི་ཐུབ་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་རེད། ཚད་བཞག་ས་གཙོ་བོ་དེ་སློབ་སྦྱོང་ག་ཚོད་བྱས་འདུག སློབ་སྦྱོང་བྱེད་པར་ནུས་པ་ག་ཚོད་ཐོན་འདུག་དེ་ལ་བལྟ་དགོས་ཀྱི་ཡོད་པ་རེད། ཡིག་ཚད་ཀྱི་ལམ་ནས་དཔེར་ན་དྲི་བ་ཐུང་ཐུང་དེའི་རིགས་ལམ་འགྲོ་ཡང་རྒྱུག་མིན་ལ་རག་ལུས་སྲིད་པ་ཞིག་རེད་ཅེས་གསུངས་སོང༌།

༢། གྷོ་པལ་ཕུ་བོད་ཁྱིམ་གྱི་སློབ་མ་ཡེ་ཤེས་དགའ་བས། བོད་རང་བཙན་ཤོར་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་རེད། རྒྱ་ནག་རྒྱལ་གཅེས་རིང་ལུགས་པ་ཡིན་པའི་དབང་གིས་རེད་དམ་ཞེས་བཀའ་འདྲི་ཞུས་སྐབས། བཀའ་ཁྲི་མཆོག་གིས། རྒྱ་ནག་རྒྱལ་གཅེས་རིང་ལུགས་པ་ཡིན་རུང་རྒྱ་ནག་གི་གཡས་གཡོན་རྒྱལ་ཁབ་ཆུང་ཆུང་གྲས་དཔེར་ན། འབྲུག་པ་དང༌། འབྲས་ལྗོངས། ད་དུང་ལའོ་སི་དེ་ཚོར་དབང་བསྒྱུར་བྱེད་ཐུབ་ཡོད་པ་མ་རེད། བོད་རང་བཙན་ཤོར་བ་དེ་བརྒྱ་ཆ་༣༠ཐམ་པ་རྒྱ་མིར་ལེན་པ་ཡོད་རུང༌། བརྒྱ་ཆ་༧༠ཐམ་པ་དེ་བོད་པ་རང་ཉིད་ཀྱི་ནོར་འཁྲུལ་རེད།

སྔར་བོད་པའི་འགོ་ཁྲིད་པ་དེ་ཚོའི་ཆབ་སྲིད་ཀྱི་གནས་ཚད་དམའ་དྲག་པ་ལས་བྱུང་བ་ཞིག་རེད། དཔེར་ན། གྷན་དྷི་མཆོག་གིས། དབྱིན་ཇིས་རྒྱ་གར་དབང་བསྒྱུར་བྱས་པ་ཞིག་མ་རེད། སྔར་རྒྱ་གར་གྱི་དཔོན་རིགས་དེ་ཚོས་རྒྱ་གར་དབྱིན་ཇིའི་ལག་ནང་བཞག་ནས་ཕར་ཕུལ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད་ཅེས་བཀའ་གནང་སོང༌།

༣། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཡེ་ཤེས་རྣམ་རྒྱལ་ལགས་ཀྱིས། སྐད་ཡིག་སྐོར་བཀའ་འདྲི་ཞུས་སྐབས། བཀའ་ཁྲི་མཆོག་གིས། མའོ་དང༌། མཱ་ཁི་སི། ལའེ་ནིང་སོགས་ཀྱིས་གྲངས་མང་མི་རིགས་ཀྱི་སྐད་ཡིག་དེ་གྲངས་ཉུང་མི་རིགས་ལ་ལག་བསྟར་བྱེད་པས་ན། མི་འགྲིག་ཚུལ་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དེ་ཉམས་ཆགས་མ་བཏང་བ་ཡིན་ན། བོད་དེ་རྩ་མེད་གཏོང་ཐུབ་ཀྱི་མེད་དུས། སྐད་ཡིག་དེ་ཉམས་ཆག་གཏོང་གིན་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། ད་ལྟ་བཙན་བྱོལ་ནང་བོད་ཡིག་ཡག་ཤོས་དེ་དག་བོད་ནས་ཡོང་མཁན་དེ་ཚོ་ཆགས་ཡོད་པ་རེད། དེར་བརྟེན་སྐད་ཡིག་ཉམས་ཆགས་གཏོང་བའི་སྲིད་བྱུས་དེ་རྒྱ་ནག་གིས་ཡང་བསྐྱར་ལག་བསྟར་བྱེད་དགོས་པ་ཆགས་ཡོད་པ་རེད། དཔེར་ན། ནུབ་ཕྱོགས་ཀྱི་མཁས་པ་དེ་ཚོས་ག་རེ་གསུངས་ཡོད་པ་རེད་ཟེར་ན། རྒྱ་ནག་གིས་བོད་དེ་ཁྱུར་མིད་བཏང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཁོག་པའི་ནང་འཇུ་ཐུབ་ཡོདཔ་མ་རེད་ཅེས་གསུངས་ཡོད་པ་རེད།

ལས་དབང་ཞིག་ཡིན་ནའང་གང་ལྟར། བོད་ནང་རྒྱ་མིས་སྐད་ཡིག་ཉམས་ཆགས་གཏོང་བཞིན་པ་དང༌། བཙན་བྱོལ་ནང་བོད་མི་ཚོས་རང་འདོད་ཀྱིས་བོད་པའི་སྐད་ཡིག་ཉམས་ཆགས་གཏོང་བཞིན་ཡོད་པ་རེད། བོད་ནང་རྒྱ་མིས་བོད་པའི་སྐད་ཡིག་ཉམས་ཆགས་གཏོང་བཞིན་ཡོད་ནའང༌། བཙན་བྱོལ་ནང་དེར་ངོ་རྒོལ་བྱེད་པར་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་ཏག་ཏག་བསྡད་ཀྱིན་ཡོད་པ་མ་རེད་ཅེས་བཀའ་གནང་སོང༌།

ཡང་སློབ་མ་ཞིག་གིས་ཨ་རིར་འགྲོ་མཁན་དེ་ཚོས་བོད་ཡིག་དང་བོད་པའི་རིག་གཞུང་མི་སྦྱོང་བ་དེའི་སྐོར་བཀའ་འདྲི་ཞུས་སྐབས། བཀའ་ཁྲི་མཆོག་གིས། སྔོན་མ་ང་དང་མཉམ་དུ་ནུབ་ཕྱོགས་ལ་འགྲོ་ན་ཡག་པོ་མི་འདུག་ཟེར་མཁན། དབུ་ཁྲིད་དང་གྲོས་ཚོགས་ནང་གི་མི་དེ་ཚོ་ཡང་རྗེས་སུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོའི་ནང་གཞིས་ཆགས་ནས་སྔོན་མར་བཤད་པའི་སྐད་ཆ་དེ་ཚོ་མེད་པ་ཆགས་མཁན་མང་པོ་ཡོད་པ་རེད།

ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོའི་ནང་སྐྱེས་པའི་བོད་ཕྲུག་དེ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་བོད་དང་རྒྱ་གར་ནང་ཡོད་པའི་བོད་ཕྲུག་ནང་བཞིན་ཞིག་ཆགས་ཐུབ་ཀྱི་ཡོད་པ་མ་རེད་ཅེས་བཀའ་གནང་སོང༌།

༤། མོན་གྷོ་གཏན་སློབ་ནས་ཡིན་པའི་སློབ་མ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་དང་རྒྱ་ནག་གཞུང་དབར་མི་མཐུན་པ་ག་རེད་ཡོད་པ་རེད་ཅེས་བཀའ་འདྲི་ཞུས་སྐབས། བཀའ་ཁྲི་མཆོག་གིས། དབུ་མིའི་ལམ་གྱི་སྲིད་བྱུས་དང་རྒྱ་ནག་གཞུང་དབར་མི་མཐུན་པའི་འགལ་ཟླ་གཉིས་ཡོད་པ་རེད།

དང་པོ། ང་ཚོས་འདས་པའི་བྱུང་རབས་རེད། ང་ཚོས་དངོས་ཡོད་གནས་ཚུལ་བཤད་ཀྱིན་ཡོད་པ་རེད། རྒྱ་ནག་གིས་གཞན་ཞིག་བཤད་ཀྱིན་ཡོད་པ་རེད།

གཉིས་པ། རང་སྲིད་རང་སྐྱོང་སྐོར་རེད། ང་ཚོས་རང་སྲིད་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་བོད་ས་ཡོངས་རྫོགས་ཚུད་དགོས་ཟེར་བ་དེ་༧གོང་ས་མཆོག་གིས་དགོངས་བཞེས་དང༌། བོད་གཞུང་གི་དགོངས་བཞེས་རེད། འོན་ཀྱང་རྒྱ་ནག་གིས་ཚང་མ་འཛིན་སྐྱོང་གཅིག་གི་འོག་ཏུ་ཡོང་ཐབས་མེད་པ་ཞིག་རེད། དེ་དག་ཚང་མ་ས་བབ་མི་འདྲ་བ་དང༌། དགོས་མཁོ་མི་འདྲ་བ་ཞིག་ཡིན་དུས་ད་ལྟ་ནང་བཞིན་གནས་དགོས་ཀྱི་ཡོད་པ་རེད་ཅེས་བཤད་ཀྱིན་ཡོད་པ་དེ་གཉིས་འགལ་བ་རེད་ཅེས་བཀའ་གནང་ལན་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
མཁས་དབང་ཟམ་གདོང་རིན་པོ་ཆེའི་གནང་བའི་བཀའ་སློབ། ངེ་མ་འོང་བོད་ཀྱི་སོན་རྩ་རེད་ཅེས་ལབ་མི་ཐུབ། ཞེས་པ་དེ་ངོ་ནས་བོད་ཀྱི་གཞོན་སྐྱེ་ཚོས་ཐུགས་བསམས་བཞེས་དགོས་པ་ཞིག་མཐོང་སོང་།
གང་ཡིན་ཟེར་ན་དང་དུས་བོད་ཀྱི་སྤྱི་ཚོགས་ནང་ཕ་མ་གཉིས་བོད་པ་གཙང་མ་ཡིན་གྱང་བུ་ཕྲུག་ཚོའི་བོད་སྐད་ཐུག་གཅིག་གྱང་མི་ཤིས་མཁན་མང་པོ་མཐོང་རྒྱུ་འདུག བོད་སྐད་མ་ཤིས་ན་བོད་ཡིག་དེ་ལས་གྱང་ག་ནས་ཤིས། ད་དང་རེ་ཟུང་ཕྱི་གླིང་པའི་སྤྱོད་ངན་ཚོར་ཡོན་ཏན་བརྩི་ནས་སྤྱི་ཚོགས་ནང་དང་ལེན་བྱེད་མཁན་འདུག །ཁ་རྒྱུན་ལ་ཡོད་པའི་ཡ་རབ་སྤྱོད་བཟང་ཞེས་པའི་ཚིག་གཉིས་པོ་དེ་དུས་ནམ་ཡང་མ་བརྗེད་སྤུན་ཟླ་ཚོ།
1 ༠༡༢༠༡༡༡༥༡༦
འབྲོག་མོ།
དངོས་གནས་ཟབ་སྦྱོང་གི་མགོ་མཇུག་བར་གསུམ་ཧ་ཅང་ཞིབ་ཅིང་ཕྲ་བའི་སྒོ་ནས་བྲིས་འདུག་པས་གསར་འགོད་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིང་དོན་མཚུངས་བའི་མཁས་པའི་དབང་པོ་ཁོང་གིས་རང་རེའི་སོན་རྩ་རུ་འབོད་པ་ཚོར་བདུད་རྩི་ལྟ་བུའི་བཀའ་སློབ་ཅིག་གནང་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།