དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༧ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་༡༠རིང་ལ་ ཧི་མ་ལ་ཡའི་ཤར་ཕྱོགས་སུ་ཡོད་པའི་འབྲས་ལྗོངས་དང་ནུབ་བྷང་ཀལ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་འགྲུབ་སྟེ་རྒྱལ་ས་ལྡི་ལི་རུ་ཆིབས་སྒྱུར་བསྐྱངས་པ་རེད།

ཕྱི་ཚེས་༢༣ཉིན་གྱི་ཕྱི་དྲོར། གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྲད་རྒྱུད་མ་དགོན་དུ་རྒྱལ་སྲས་ཐོིགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱི་གསུང་ཆོས་བསྩལ་ཡོད་པ་དང། ཕྱི་ཚེས་༢༤ཉིན་གྱི་ཞོགས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་ཡང་བསྩལ་ཡོད་འདུག ང་ཚོས་གཞོན་སྐྱེས་ཚོ་ནི་དུས་རབས་ཉེར་གཅིག་པའི་སྤྱི་མང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། དུས་རབས་ཉི་ཤུ་པ་ནི་དམར་གསོད་ཀྱི་དུས་རབས་ཤིག་ཡིན་ཡང། དུས་རབས་ཉེར་གཅིག་པ་ནི་ཕན་ཚུན་ལ་ཡིད་ཆེས་ཟབ་མོའི་ཐོག་ནས་གྲོས་མོལ་བྱེད་པའི་དུས་རབས་ཤིག་ཡིན་པའི་རེ་བ་རྒྱག་བཞིན་ཡོད་ཅེས་བཀའ་སློབ་གནང་འདུག

དེ་ཡང་རྒྱ་དཀར་ནག་གི་འབྲེལ་བའི་སྐོར་གསུངས་དོན། རྒྱ་དཀར་ནག་གཉིས་བར་གྱི་མཛའ་བརྩེ་དང་ལྷག་བསམ་གྱིས་ཕྱོགས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ལ་ཁེ་ཕན་ཆེན་པོ་བསྐྲུན་ཐུབ་པ་དང༌། རྒྱལ་ཁབ་འདི་གཉིས་ནི་འཛམ་གླིང་ཐོག་གལ་འགངས་ཆེ་བའི་རྒྱལ་ཁབ་གཉིས་ཡིན་པས༌། ཕན་ཚུན་བར་མཛའ་བརྩེའི་འབྲེལ་བ་དམ་པོ་ཡོད་དགོས་པ་རེད་ཅེས་གསུངས་ཡོད།

ཡང་ཁོང་གིས། ད་ཐེངས་ཉིན་གྲངས་༡༠རིང་ལ་ས་གནས་འདིར་སྡོད་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་པ་མ་ཟད། སྤྱི་ཚོགས་ཀྱི་གནས་རིམ་ཁག་ན་ཡོད་པའི་མི་བུ་ཚང་མས་ཕན་ཚུན་བར་འགྲོ་བ་མིའི་རིན་ཐང་དང་སྲོལ་རྒྱུན་སོགས་ལ་གུས་བརྩི་བྱེད་དགོས་ལ། དེས་སོ་སོའི་འཚོ་གནས་ལ་སྔར་ལས་ལྷག་པའི་ཉིང་པོ་བསྐྲུན་ཐུབ་པ་རེད་ཅེས་འབོད་སྐུལ་གནང་འདུག

རེས་གཟའ་པ་སངས་ཉིན། ཁོང་གིས་ས་ལུ་སྒར་དུ་ཡོད་པའི་ཧི་མ་ལ་ཡ་ཆོས་རིག་སློབ་གྲྭ་རུ་གསར་འགོད་པ་ཚོར་གསུངས་བཤད་གནང་དོན། ངའི་དད་པའི་རྩ་བ་ནི་ཐོག་མར་བྱམས་སྙིང་རྗེ་ཡི་ཁེ་ཕན་ཤེས་རྟོགས་བྱ་རྒྱུ་དེ་ཡིན་ལ། འདི་ནི་ཁྱེད་ཀྱིས་བྱམས་སྙིང་རྗེ་ཟེར་བ་དེ་ཤེས་པར་བྱེད་པའི་ཆ་རྐྱེན་གཙོ་བོ་དེ་རེད། གལ་ཏེ་ཁྱེད་ཀྱིས་བྱམས་སྙིང་རྗེ་ཡི་ཁེ་ཕན་ངོ་མ་དེ་ཤེས་རྟོགས་བྱུང་ཚེ། དེ་ལས་ཀྱང་གཏིང་ཟབ་མོས་བསམ་གཞིགས་བྱས་ན་སོ་སོའི་རྒྱུད་ཀྱི་བྱམས་སྙིང་རྗེ་ཡི་སེམས་དེ་སྔར་ལས་རྒྱ་ཆེ་རུ་གཏོང་ཐུབ་པ་རེད་ཅེས་གསུངས་འདུག ཐེངས་འདིའི་འབྲས་ལྗོངས་དང༌། ཀ་སྦུག ས་ལུ་སྒར་སོགས་ཀྱི་མཛད་འཕྲིན་རྣམས་ཡོངས་སུ་འགྲུབ་སྟེ། ཕྱི་ཚེས་༢༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་སྒྱུར་བསྐྱངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།