བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ཟབ་སྦྱོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༧ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག འཛིན་རིམ་བཅུ་གཅིག་པའི་བོད་ཕྲུག་སློབ་མ་རྣམས་ལ།  བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་གནས་སྟངས་སྐོར་གྱི་ཟབ་སྦྱོང་ཐེངས་༧པ་དེ་ཟླ་འདིའི་ཚེས་༢༦ཉིན་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་བྱས་ཡོད་པ་རེད།

ཟབ་སྦྱོང་དེ་ཉིད་ཁ་སང་ཕྱི་ཚེས་༢༦ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་དང་པོའི་ཚེས་༤བར་ཉིན་གྲངས་༩རིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་སོགས་ཁྱོན་མི་གྲངས་༣༦ཙམ་གྱིས་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། བོད་ནང་གི་གནས་སྟངས་དང་ཁོར་ཡུག རྡ་སའི་ཁུལ་གྱི་བོད་པའི་བསྟི་གནས་ཁག་ཏུ་སྐོར་བསྐྱོད་བཅས་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ ༡༨ ནས་སློབ་ཕྲུག ༡༡༧ ཙམ་མཉམ་ཞུགས་གནང་བ་དང༌། སློབ་མ་དེ་དག་གི་འགྲོ་གྲོན་རྣམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག ཁ་སང་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་ལས་འཆར་ཁག་ངོ་སྤྲོད་གནང༌།

དེ་རྗེས་དབུ་འབྱེད་མཛད་སྒོ་ཐོག་ཆེད་དུ་གདན་འདྲེན་ཞུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ཕྱོགས་སྒྲིག་དཔེ་དེབ་༥པ་དེ་དབུ་འབྱེད་གནང་བ་དང་སྦྲགས། ཁོང་གིས་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་དོན། དང་པོ་ང་ཚོ་རང་ཉིད་ངོ་ཤེས་པ་བྱས་ཏེ་རང་གི་རྒྱལ་ཁབ་གང་འདྲ་ཡིན་པ་དང་དེའི་སྒྲིག་འཛུགས་ཤེས་པ་བྱེད་དགོས། མ་འོངས་ང་ཚོ་བོད་དེ་གང་འདྲ་ཆགས་མིན་ནི་སློབ་ཕྲུག་ཚོར་རག་ལུས་ཡོད་པར་བརྟེན། ཁྱེད་རྣམས་གལ་ཆེན་པོར་བརྩིེས་ཏེ་བཀའ་ཁྲི་མཆོག་གིས་ཀྱང༌། ཟབ་སྦྱོང་འདིར་ད་བར་ཆད་མྱོང་མེད་པར་ཟབ་ཁྲིད་གནང་བར་ཕེབས་ཀྱི་ཡོད།

སྐབས་རེ་ང་ཚོ་བོད་པས་ལས་དོན་སྒྲུབ་སྐབས་གློ་བུར་དུ་ཚོར་ཤུགས་ཆེན་པོས་ལྒང་ཕུག་ལ་ཕུག་བཏབ་པ་ལྟར་བྱེད་ཀྱི་ཡོད་ཀྱང་དེ་ལྟར་མིན་པར་རྒྱུན་བསྲིངས་བྱེད་དགོས་པ་ཞིག་ཡིན།  ད་རེས་གཙོ་བོ་སློབ་ཕྲུག་ཚོས་དུས་ཚོད་འཕྲོ་བརླག་མ་བཏང་བར་འདི་ནས་སློབ་སྦྱོང་གི་ཉམས་མྱོང་གང་རགས་པ་དེ་དག་སོ་སོའི་སྤྱི་ཚོགས་དང་སློབ་གྲྭ།  འཛིན་གྲྭའི་སློབ་ཕྲུག་རྣམས་ལ་འགྲེལ་བཤད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་འདུག

སྐུ་མགྲོན་གཙོ་བོ་མཆོག་གིས་བཀའ་སློབ་གནང་གྲུབ་རྗེས། ཟབ་སྦྱོང་ཐོག་རྒྱུན་ལྡན་ལྟར་ཐེངས་འདིར་ཕེབས་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་སོ་སོ་ངོ་སྤྲོད་དང༌། མ་འོངས་པའི་ཕུགས་མདུན་སྐོར་བསམ་ཚུལ་བརྗོད་རེས་བྱས་ཡོད་འདུག དེ་བཞིན་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ལོ་རྒྱུས་སྙིང་བསྡུས་ཤིག་སློབ་མ་རྣམས་ལ་ངོ་སྤྲོད་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།