ཚུལ་ཁྲིམས་འོད་ཟེར་ལགས་སྤྱི་འཐུས་འོས་མི་ལས་དགོངས་པ་ཞུས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༥ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༡ཐོག དྷ་ས་ཆོལ་གསུམ་ཆིག་སྒྲིལ་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས། ཁོང་ཉིད་སྐབས་༡༥པའི་བོད་མིང་མང་སྤྱི་འཐུས་ཀྱི་འོས་མི་ལས་དགོངས་པ་ཞུས་ཡོད་སྐོར་གསར་འགོད་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་གསལ་བསྒྲགས་དེའི་ནང་། ཁོང་གིས་ཚང་མར་འཚམས་འདྲི་དང་སྦྲགས། དེ་རིང་གི་གསར་འགོད་གསལ་བསྒྲགས་འདིའི་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་ནས་ཕྲན་དགོངས་པ་ཞུ་རྒྱུའི་སྐོར་ཡིན།

དང་པོ། བྱུང་རབས་མདོར་བསྡུས་ཀྱིས་མཚམས་སྦྱོར།

འདས་པའི་ལོ་རྒྱུས་ནང་མདོ་སྨད་མགོ་ལོག་ཡིན་པའི་དབལ་ཤུལ་གསེར་རྟ་ནི་ཕྱི་ལོ་ ༡༩༥༩ རྗེས་ནས་རྒྱ་དམར་སྲིད་གཞུང་གིས་དབང་ཡོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ། སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་བཅས་ཀྱི་ངོར་དུམ་བུ་དྲུག་ཏུ་བཅད་བགོས་སྣ་ཚོགས་བྱས་ཡོད། འོན་ཀྱང་བཙན་བྱོལ་ནང་ ༡༩༥༩ ལོའི་སྔ་རྗེས་སུ་སྐྱབས་བཅོལ་དུ་འབྱོར་བའི་གསེར་རྟ་བ་ཚོས་ཀྱང་སྔོན་མའི་ལོ་རྒྱུས་གཞིར་བཟུང་མདོ་སྨད་དང༌། མགོ་ལོག་ཡིན་པ་གཞིར་གཞག་གནས་ཡོད།

ཕ་ཡུལ་དུ་ཡོད་སྐབས་མིང་ལ་ཚུལ་པོ་ཟེར་ཞིང༌། ཕྱི་ལོ་༡༩༩༨ལོར་བཙན་བྱོལ་དུ་འབྱོར་འཕྲལ་རང་གིས་རང་ལ་གསེར་རྟ་ཚུལ་ཁྲིམས། ཞེས་བཏགས་པ་ཁོང་ཡང་ ༡༩༩༨ལོར་དང་པོ་རྒྱ་གར་དུ་འབྱོར་སྐབས་རང་ཉིད་མགོ་ལོག་ཡིན་པ་དང༌། མདོ་སྨད་ཡིན་པའི་ལང་ཕྱོགས་རང་བཞིན་ལྷན་སྐྱེས་སུ་ཡོད་ཀྱང༌། ༡༩༩༨ལོ་མཇུག་ཙམ་ནས་དེ་སྔའི་ལང་ཕྱོགས་འགྱུར་ཏེ། གསེར་རྟ་མགོ་ལོག་མིན་རབས་དང༌། མདོ་སྨད་མིན་རབས་སོགས་ཡིག་འབྲི་དང༌། ཁྱབ་བསྒྲགས་འདྲ་མིན་སྤེལ་བར་བརྟེན་ཕྱི་ལོ་༢༠༠༥ལོར་ཁོང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ནང་སླེབས་པ་དང༌། དེ་འཕྲལ་ཕྲན་ཡང་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ནང་སླེབས་ཡོད། བོད་དོན་བདེན་མཐའ་གསལ་བའི་མཐུན་རྐྱེན་མེད་དུ་མི་རུང་བ་གཉིས་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་དང༌། བོད་རྒྱ་ཆེའི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གཉིས་ཡིན་པར་བརྟེན། དེ་གཉིས་ཀྱི་ཕྱི་མ་འདིར་སྐྱོན་བྱས་སོང༌སྙམ་པའི་སྡངས་སྐྲག་གིས་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྲན་དགོངས་པ་ཞུ་འདུན་བྱུང་མོད། གཞིས་བྱེས་གཉིས་དང༌། ལྷག་ཏུ་བོད་ནང་ནས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཆོས་སྲིད་ཀྱི་གནད་ཡོད་མི་སྣ་གང་མང་གིས་ཞལ་པར་སོགས་བརྒྱུད། སྔོན་ནས་ད་བར་དབལ་ཤུལ་གསར་རྟ་གཅིག་ལས་གཉིས་མེད་པ་དང༌། དེ་ཡང་ལོ་རྒྱུས་སྟེང་ནས་མདོ་སྨད་མགོ་ལོག་ཡིན་མོད། ༡༩༥༩ ལོ་ཚུན་ནས་རྒྱ་དམར་གྱིས་ཆེད་དུ་སྔོན་བྱུང་ལོ་རྒྱུས་བཅོས་ཐབས་ཁོ་ནར་དམིགས། བོད་ཡུལ་སྤྱི་མཚུངས་ལྟར་གསེར་རྟ་ཕལ་ཆེར་ཞིག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ངོར་སྦྱར་ཡོད་པ་དང༌། དེང་སྐབས་ཚུལ་པོས་ཀྱང་གསེར་རྟ་མདོ་སྨད་མིན་པ་བཤད་བཞིན་པ་ལྟར་ད་ཐེངས་ཁྱོད་ཀྱིས་དགོངས་པ་ཞུས་སོང་ན་ནི། རྒྱ་དམར་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་དང་གཉིས་སུ་མ་མཆིས་པས། ཁྱོད་ཀྱིས་དགོངས་པ་མ་ཞུ། སྔོན་བྱུང་ལོ་རྒྱུས་ནི་གསོན་པོར་གནས་དགོས་པ་ཧ་ཅང་གལ་ཆེ། ཞེས་ཤུགས་ཆེན་པོ་གསུངས་བྱུང་བས། ཕྲན་གྱིས་ཞིབ་ཏུ་བསམ་སྐབས་ཁོང་ཚོའི་གསུངས་པ་ལ་རྒྱུ་མཚན་ཡོད་པར་མཐོང༌།

འོན་ཀྱང་ངས་ཚུལ་པོ་ལ་གྲོས་བསྡུར་གྱིས་ང་ཚོའི་སྤྱི་ཚོགས་ནང་རྙོག་གླེང་རིགས་གང་ཡང་མི་འབྱུང་ཕྱིར་སྐབས་༡༤བའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ནས་ངེད་གཉིས་དགོངས་པ་ཞུས་ན་ལེགས་ཆ་ཆེ་སྐོར་དང༌། བཀའ་སྤྱིའི་གོ་མིང་ཡོད་མེད་ལ་མ་ལྟོས་པར། ང་ཚོ་བཙན་བྱོལ་ནང་བྱས་ཟིན་ལས་ཀྱང་བྱེད་དགོས་པའི་ལས་དོན་གང་མང་ཞིག་ལྷག་ཡོད་ཕྱིར། དེ་དག་གི་ཆེད་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཞབས་ཞུ་གལ་ཆེའི་སྐོར་ལན་གཅིག་མིན་པར་ཡང་ཡང་འབོད་སྐུལ་ཞུས་པ་ཡིན།

མཐའ་དོན་ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༡༡ ཉིན་གྱི་དགོང་མོ་སླར་ཡང་ཕྲན་གྱིས་ཚུལ་པོ་ལ་ཞལ་པར་བརྒྱུད་དེའི་སྐོར་བསྐྱར་བཤད་ཡང་བཤད་བྱས་པར། ཚུལ་པོས་ཕྲན་ལ་དངོས་གནས་བྱས་ན་ཁྱེད་ཀྱིས་དགོངས་པ་ཞུས་ན་ཡག་པོ་ཡོད་པ་རེད། ཕ་ཡུལ་གཅིག་པའི་གསེར་རྟ་བ་དང༌། མདོ་སྨད་པ། གཞན་སུས་དགོངས་པ་མ་ཞུ་ཞེས་བཤད་ཀྱང་ཉན་དགོས་དོན་གང་ཡང་ཡོད་པ་མ་རེད། ཁྱེད་རང་ནི་གྲྭ་བ་རེད། མ་ཟད་ད་བར་གདན་ས། གྲྭ་ས་ཁག་ཏུ་སློབ་གཉེར་ཡག་པོ་བྱས་ཡོད་པ་རེད། ད་དུང་མུ་མཐུད་ནས་སློབ་གཉེར་བྱེད་བཞིན་པ་རེད། དེར་བརྟེན་མ་འོངས་པར་ལམ་ཁ་ཡག་པོ་གང་མང་ཁྱེད་རང་ལ་ཡོད་ཡོད་པ་རེད། ང་ནི་གྲྭ་བ་ནི་ལོག་ཚར་བ་རེད། ཅུང་ཟད་རེ་ཡིན་ཡང་ཡར་འགྲོ་ཨེ་ཐུབ་བསམ་བཞིན་འདུག ད་འདི་འདྲ་བྱས་ནས་ཡར་འགྲོ་ཐབས་ཨེ་ཐོན་ལྟ་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག་སོགས་འུ་ཐུག་པའི་སྐད་ཆ་གང་མང་བཤད་བྱུང་བས། ངེད་གཉིས་དགོངས་པ་ཞུ་རྒྱུ་དེ། ཕྲན་གྱི་བསམ་དོན་ལྟར་མ་འགྲུབ་པ་རེད།

དེར་བརྟེན་ཕྲན་གྱིས་ཕ་ཡུལ་མདོ་སྨད་མགོ་ལོག་དབར་ཤུལ་གསེར་རྟའི་སྔོན་བྱུང་ལོ་རྒྱུས་སོགས་ལ་བསམ་ཚེ་སྐབས་དེ་ཕྲན་རང་ཉིད་གཅིག་པུར་དགོངས་པ་ཞུ་བདེ་མ་བྱུང་ཡང༌། དོན་དག་གང་ཡང་མེད་སར་ལུང་ཚན་བྱེ་བྲག་པ་ཞིག་ཆོལ་ཁའི་བར་གྱི་རྩོད་རྙོག་གི་སྐབས་བསྟུན། ལུང་ཚན་དེའི་ངེད་ཅག་མི་གཉིས་ཆོལ་ཁ་མི་འདྲ་བ་གཉིས་ཀྱི་སྤྱི་འཐུས་ཀྱི་འོས་ནང་ཕྱིན་པ་དེ་ནི་འགྲོ་མཁན་གང་ཟག་ངེད་གཉིས་ཀྱིས་ཞབས་འདྲེན་ཚབས་ཆེན་ཞུས་པ་ཞིག་ཡིན་པར་ཕྲན་གྱིས་དྲན་མྱོང་ཡོད་པ་ལས། དེ་ནི་ངེད་གཉིས་ཀྱི་གཟི་བརྗིད་ཡིན་པར་ད་བར་ཕྲན་གྱིས་དྲན་མ་མྱོང༌།

སྐབས་དེར་ཕྲན་གྱིས་རྒྱ་ཆེའི་མང་ཚོགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རང་ཉིད་ཀྱི་ལོ་ངོ་༣༠༠ལྷག་གི་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་གནང་སྟེ། ང་ཚོ་ཡང་དག་པའི་མང་གཙོའི་ལམ་ཆེན་དུ་ཤར་བསྐྱོད་བྱེད་བཞིན་ཡོད། དེར་བརྟེན་བོད་མི་མང་སྤྱི་འཐུས་གང་འདྲ་ཞིག་འོས་བླུག་མིན་ཁྱེད་ཚོ་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་དབང་ཡིན་ཡང༌། ༧གོང་ས་མཆོག་གི་ཐུགས་རེ་ཆེན་པོས་སྐུ་དབང་མང་ཚོགས་ལ་གནང་བ་དེ་གནང་གོ་ཆོད་པ་ཞིག་དགོས་པ་ནི་ང་ཚོ་བཙན་བྱོལ་དུཡོད་པའི་མང་ཚོགས་ཀྱི་ལས་འགན་དང༌། བོད་སྤྱི་བའི་རྩ་དོན་ལ་འབྲེལ་བ་ཆགས་ཡོད།

ལྷག་པར་བོད་མི་མང་སྤྱི་འཐུས་ཤིག་ལ་གཡོལ་ཐབས་བྲལ་བའི་འགན་འཁྲི་ཆེན་པོ་གཉིས་ཡོད། དེ་དག་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་འོག་ཤར་བསྐྱོད་བྱེད་རྒྱུ་དང༌། རང་དོན་ཟུར་བཞག སྤྱི་དོན་ཁུར་འཁྱེར་གྱིས་བོད་སྤྱི་བའི་ལས་དོན་བསྒྲུབ་རྒྱུ་བཅས་རེད། དེ་དག་བསྒྲུབ་པར་ཆ་རྐྱེན་བཞི་ཚང་དགོས། དེ་དག་ནི་ཤེས་ཡོན། ཉམས་མྱོང༌། འཇོན་ཐང༌། ལྷག་བསམ་རྣམ་དག་བཅས་ཡིན་པས། ཆ་རྐྱེན་དེའི་རིགས་ང་ལ་མི་ཚང༌། ཞེས་རླུང་འཕྲིན་དང༌། ཚགས་པར་སོགས་བརྒྱུད་བསྒྲགས་ཤུགས་ཆེན་བྱས་ཡོད།

གཞན་ང་ལ་འོས་ཤོག་བླུག་རོགས་ཞེས་སུ་གཅིག་ལ་སྐུལ་སློང་རིགས་བྱེད་མྱོང་མེད། དེ་རྗེས་བཀའ་བློན་ཁྲི་པ་དང༌། སྐབས་༡༤པའི་སྤྱི་འཐུས་འོས་བསྡུ་ལེགས་གྲུབ་ཟིན་རྗེས་ཕྲན་སྤྱི་འཐུས་ནང་སླེབས་འདུག་སྟབས། ཕྲན་གྱིས་ཀྱང་རང་ཉིད་ཀྱིས་ལས་འགན་དང༌། སྤྱི་འཐུས་དམ་འབུལ་གཞིར་བཞག་ཆོལ་ཁ་ཆོས་ལུགས་སོགས་དབྱེ་བ་སྤུ་ཙམ་མེད་པར་རང་ནུས་གང་ཡོད་ཀྱིས་སྤྱོ་དོན་ལ་ཤུགས་བརྒྱབ་ཡོད། དེར་བརྟེན་རྒྱ་དམར་སྲིད་གཞུང་ཡང་ཕྲན་ལ་དོགས་པ་ཟོས་ཏེ། ཕྱི་ལོ་༢༠༠༩ལོའི་ཟླ་༣ཚེས་༩ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་དྲ་རྒྱའི་ནང་ཏཱ་ལའི་བླ་མའི་གྲོས་ཚོགས་རྫུན་མའི་འཐུས་མི་ཚུལ་ཁྲིམས་འོད་ཟེར་གྱིས་༢༠༠༨ལོར་བོད་ནང་ཟིང་ཆ་ཚབས་ཆེན་བསླངས་སྐོར་ཕྲན་ལ་ཉེས་འཛུགས་བྱས་པའི་ཡིག་ཆ་ད་ལྟའང་བོད་གཞུང་བདེ་སྲུང་ལས་ཁུངས་ནང་ཡོད་པ་སོགས་ནི་བྱུང་རབས་མདོར་བརྡུས་ཡིན།

གཉིས་པ། སྐབས་༡༥བའི་གྲོས་ཚོགས་ཀྱི་འོས་གཞིའི་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན།

དབུས་འོས་བསྡུ་ལས་ཁུངས་ཀྱིས་སྐབས་༡༥བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་མི་༥༠ཁྱབ་བསྒྲགས་བྱས་པའི་སྒང་ནས་མར་བརྩིས་པའི་ཨང་༡༠བར་ཕྲན་སླེབས་ཡོད་པར་བརྟེན་ཕྲན་སྐབས་༡༥པའི་སྤྱི་འཐུས་ལ་སླེབས་རྒྱུ་ཕལ་ཆེར་གཏན་ཁེལ་བ་ཞིག་རེད། དེར་བརྟེན་ད་ལྟ་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུ་བཞིན་ཡོད་པ་དང༌། དེ་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོགས་ཆེན་པོ་ཞིག་འབྱུར་ཕྱིར་དམིགས་ཡོད་པ་ལས། རང་ཉིད་སེམས་ཤུགས་ཆག་པས་མིན་ལ། སྤྱི་དོན་ཆེད་ནུས་ཤུགས་འདོན་རྒྱུར་མ་སྤྲོ་བ་སོགས་ཀྱང་རྩ་བ་ནས་མིན། དེའི་ཕྱིར་སྐོར་རྒྱུ་མཚན་སྙིང་བསྡུས་གསུམ་ཡོད་པ་རེ་རེ་བཞིན་སྙན་སྒྲོན་ཞུ་རྒྱུ་ཡིན།

རྒྱུ་མཚན་དང་པོ། དེར་སྐབས་བླ་སེར་དང༌། སྐུ་དྲག ཁྱིམ་རྒྱུད་ཆེན་པོའི་རིགས་རྒྱུད་བཅས་སྡེ་ཚན་གསུམ་བཀའ་ཁྲི་དང༌། སྤྱི་འཐུས་སོགས་ཆབ་སྲིད་ཀྱི་ལས་རིགས་ནང་མ་ཞུགས་ན་བཟང་རབས་སྐོར་ཕྱི་ལོ་༢༠༡༠ལོ་འདི་གཅིག་པུར་བགྲོ་གླེང་དང༌། ཚོགས་སྒེར་གྱི་མིང་ཐོག་ནས་ལས་འགུལ་སྤེལ་མཁན་གང་མང་བྱུང༌། ད་དུང་དེ་བཞིན་ཤུགས་ཆེན་པོ་བཤད་ན་ཆབ་སྲིད་ལས་རིགས་ནང་གོང་གསལ་སྡེ་ཚན་གསུམ་གྱིས་འགན་ལེན་རྒྱུ་རིམ་གྱིས་ཇེ་ཉུང་ལ་འགྲོ་ངེས་ཡིན་པ་ངས་བརྒྱ་ཆ་བརྒྱ་ཐག་བཅད་ནས་བཤད་ཐུབ། དཔེར་ན་སྐབས་བཅོ་ལྔ་བའི་སྤྱི་འཐུས་སྔོན་འགྲོའི་འོས་ཁོངས་ནས་ང་ཕྱིར་འཐེན་བྱས་པ་འདི་དཔེ་མཚོན་གཅིག་པ་ཡིན། ད་དུང་དེ་ལྟར་བྱུང་ན་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཉམས་ཆག་འགྲོ་ངེས་རེད། དེ་ནི་རྒྱ་དམར་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བསྒྲུབ་བྱ་གཙོ་བོ་དེ་རེད། དེའི་ཕྱིར་ད་ལྟ་སྔ་སེ་ནས་ང་ཚོའི་མང་ཚོགས་ལ་ཉེན་ཁ་དེའི་རིགས་གོ་བརྡ་ཡག་པོ་ཞིག་འཕྲོད་ཐུབ་ཆེད་དུའང་ང་དགོངས་པ་ཞུས་པ་དང་ཆབས་ཅིགགོང་གསལ་སྡེ་ཚན་གསུམ་གྱིས་གཙོས་ང་ཚོའི་མི་མང་གིས་གཟབ་དགོས་ས་གཅིག་ནི། རྒྱ་དམར་གྱིས་མངག་པའི་གསང་ཉུལ་བས་སེམས་ཤུགས་ཆེ་མདོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐྱོན་བརྗོད་ཀྱིས་གཙོས་སྤྱི་ཚོགས་ཧྲིལ་པོ་ཕུ་དཀྲུག་མདའ་དཀྲུག་གིས་གཏོར་བཤིགས་གཏོང་མཁན་སོགས་དང་པོ་ནས་ངོས་ཟིན་པར་བྱས་ཏེ། དེ་དག་གི་འདོན་ཐོག་ཏུ་འགྲོ་མི་དགོས་པ་རྣམ་དཔྱོད་རྩལ་འདོན་གནང་རོགས་ཞུ་རྒྱུའང་ཡིན།

རྒྱུ་མཚན་གཉིས་པ་ནི། ཕྲན་གྱིས་རང་ཉིད་སྤྱི་འཐུས་ནང་སླེབས་ཐབས་སུ་ཁེ་ཕན་ཆེན་པོ་ཞིག་ལ་དམིགས་ཡོད་ཚུལ་དང༌། མི་མང་སྐུལ་སློང་བྱས་རབས། དེ་བཞིན་མདོ་སྨད་ཨ་མདོ་མགོ་ལོག་དབར་ཤུལ་གསེར་རྟ་མདོ་སྨད་མ་རེད། མདོ་སྟོད་རེད། ཅེས་ཤོད་མཁན་རེ་ཟུང་དེང་སྐབས་བཙན་བྱོལ་ནང་འབྱུང་བཞིན་པ་དེ་ཚོར་ཁ་གཏད་གཅོག་ཆེད་ཁོ་ནར་དམིགས། ཕྲན་མ་འོངས་པར་སྤྱི་འཐུས་ལ་མུ་མཐུད་འགྲོ་ངེས་རེད། ཟེར་བ་སོགས་དང༌། སྐབས་༡༤བའི་གྲོས་ཚོགས་རིང་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ཚད། དེ་ནི་ཐེངས་རྗེས་མར་ཁོ་རང་ལ་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ཆེད་རེད། ཟེར་བ་སོགས་དང༌། ས་གནས་ཀྱི་ཉམ་ཐག་རྒས་གསོ་ཁང་དང༌། སྐྱོ་བོའི་རིགས་སོགས་ལ་ལྟ་རྟོག་དང་རྒྱབ་སྐྱོར་བྱས་པ་དང༌། སྐྱོ་གནས་རེ་ཟུང་ཐེར་འདོན་བྱས་པར། དེ་ནི་སྤྱི་འཐུས་ཀྱི་དབང་ཚད་དུས་ཚོད་ཡུན་རིང་བར་བེད་སྤྱོད་ཀྱིས་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་ཀྱི་དཔོན་རིགས་ལ་གཉའ་ནོན་གཏང་འཆར་རེད། ཟེར་བ་སོགས་བྱུང་ཡོད་པས། དེ་རིགས་དངོས་གནས་ཡིན་མིན་མང་ཚོགས་ལ་ངོ་འཕྲོད་ཐབས་དང༌། ཕྲན་གྲྭ་རྐྱང་ཞིག་གི་ངོས་ནས་སྔ་ཕྱི་བར་གསུམ་དུ་བྱེད་སྟངས། དེ་དག་ནི་ལྷག་བསམ་རྣམ་དག་ཡིན་པ་ལས། རང་ཉིད་སྒེར་ལ་སྤྱི་འཐུས་ཀྱི་དབང་ཚད་སོགས་དགོས་མཁོ་གང་ཡང་མེད་སྐོར་གཟུར་གནས་རྒྱ་ཆེའི་མང་ཚོགས་ཀྱིས་ཇི་བཞིན་མཁྱེན་རྟོག་འབྱུང་སླད་ད་ཐེངས་སྐབས་༡༥བའི་འོས་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུས་པ་ཡིན།

རྒྱུ་མཚན་གསུམ་པ་ནི། གསེར་རྟ་ནི་དེང་སྐབས་བོད་གཞིས་བྱེས་གཉིས་སུ་སྔོན་བྱུང་ལོ་རྒྱུས་ཐོག་ཏུ་མདོ་སྨད་ཡིན་པ་དང༌། མགོ་ལོག་ཡིན་པ་སོགས་གསལ་པོ་ཆགས་བཞིན་ཡོད་ཕྱིར་ཕྲན་གྱིས་ཀྱང་ད་དུང་ཨུ་ཚུགས་བརྒྱབ་ཏེ། སྤྱི་འཐུས་ཀྱི་འོས་ནང་ཕྱིན་ན་དེ་ནི་སྐབས་འཚོལ་བའི་བྱེད་སྟངས་མི་ཆགས་པའི་ངེས་པ་མེད་ཅིང༌། ལྷག་པར་སྤྱི་འཐུས་ནི་སྤྱོ་དོན་བསྒྲུབ་ཕྱིར་སྤྱི་ཚོགས་ནང་ནས་མང་ཚོགས་ཀྱིས་དྲག་འདེམས་ཡོང་དགོས་པ་ལས། ལུང་ཚན་བྱེ་བྲག་རེ་ཆོལ་ཁ་ཕན་ཚུན་གྱིས་འཐེན་འཁྱེར་ཆེད་འོས་བླུག་པ་ལྟར། དོ་བདག་སོ་སོ་ཡང་འགྲོ་རྐྱང་བྱེད་འདིའི་རིགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་མཚན་མཐོང་ལ་ཕན་གནོད་གང་ཞིག་འབྱུང་མིན་ནི་ཀུན་གྱིས་ཤེས་གསལ་ཡིན།

ཇི་སྲིད་བོད་མི་མང་སྤྱི་འཐུས་གནས་པ་དེ་སྲིད་དུ་སྤྱི་འཐུས་ཀྱི་མཚན་སྙན་ལ་སྲུང་སྐྱོབས་དགོས་པ་དེ་ཡང་རང་ཅག་ཚང་མའི་གལ་ཆེའི་ལས་འགན་ཡིན་པ་རྒྱ་ཆེའི་མང་ཚོགས་ལ་གོ་བརྡ་འཕྲོད་ཆེད་དུའང་ཕྲན་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་ཞུས་པ་ཡིན།

གསུམ། དམིགས་བསལ་གཞེན་སྐུལ།

སྐབས་༡༤བའི་གྲོས་ཚོགས་ནང་ཡོད་པའི་སྤྱི་དོན་ཁ་འཁྱེར། རང་དོན་ཁུར་ལེན་གྱི་སྤྱི་ཚོགས་ཁྲོད་ཀྱི་འཁྲབ་སྟོན་པ་རེ་ཟུང་ད་ཐེངས་སྐབས་༡༥བའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་མཐོ་པོར་སླེབས་འདུག་པ་དེའི་རིགས་ཀྱིས་ཀྱང་རང་ཉིད་ངོས་ཟིན་པའི་ཐོག་ནས་རང་དོན་རང་གཅེས་ཀྱིས་ཤ་ཁྲག་གཅིག་པའི་བོད་ཆོལ་གསུམ་མི་མང་གི་མཐུན་སྒྲིལ་དང༌། རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཀྱི་མཚན་སྙན་ལ་གནོད་སྐྱོན་ཇི་འགྱུར་སོགས་ལ་བསམ་ཤེས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོས་ད་བར་བོད་མི་རིགས་བསྟན་སྲིད་བཅས་ཀྱི་ཆེད་སྐུ་ངལ་ཚད་མེད་ལྷུར་བཞེས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་འཕྲོ་བརླག་ཏུ་མི་གཏང་རྒྱུ་དང༌། བོད་གཞིས་ལུས་མི་མང་གི་རེ་བ་སྟོང་ཟད་དུ་འགྲོ་མི་དགོས་པར་འགན་ཁུར་བའི་སྒོ་ནས་འཕྲལ་དུ་འོས་གཞིའི་ཁོངས་ནས་ཕྱིེར་འཐེན་གྱིས་ཤེས་འཇོན་ལྷག་བསམ་ཅན་གྱི་རྒྱ་ཞེན་པ་ཚོར་གོ་སྐབས་འབུལ་རོགས། ཞེས་ངས་ལག་གཉིས་ཐལ་མོ་སྦྱར་ནས་དེའི་རིགས་ལ་གསོལ་འདེབས་ཞུ་བཞིན་ཡོད།

བཞི་བ། འབྲེལ་ཡོད་མང་ཚོགས་ལ་དགོངས་སེལ།

ད་ཐེངས་བོད་མིང་མང་སྤྱི་འཐུས་སྐབས་༡༥བའི་འོས་གཞིའི་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུས་པ་དེར། ང་ལ་རེ་ཆེན་པོས་འོས་ཤོག་བླུག་མཁན་མདོ་སྨད་རྒྱ་ཆེའི་མང་ཚོགས་དང༌། ཆོལ་ཁ་གཞན་དང༌། མི་རིགས་གཞན་པའི་རང་ཉིད་ཀྱི་གྲོགས་པོ་གང་མང་ཞིག་གིས་ཐུགས་ཕན་གནང་ངེས་ཡིན་པའང་ངས་ཤེས་ཀྱི་ཡོད། དེར་བརྟེན་མཐའ་དོན་གཟུར་གནས་རྒྱ་ཆེའི་མང་ཚོགས་ལ་ཕྲན་གྱིས་དོན་ཚན་གཉིས་ཞུ་རྒྱུ་ཡིན།

ཀ༽ ཧ་ཅང་རེ་བ་ཆེན་པོས་ཕྲན་ལ་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཤོག་དང༌། སྐབས་༡༥བའི་སྔོན་འགྲོའི་འོས་བསྡུའི་ནང་སླར་ཡང་འོས་ཤོག་བླུག་མཁན་མདོ་སྨད་རྒྱ་ཆེའི་མི་མང་ལ་ཕྲན་སྐབས་༡༥བའི་འོས་ཁོངས་ནས་དགོངས་པ་ཞུས་པར། ཕྲན་གྱིས་སྙིང་ནས་དགོངས་སེལ་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གིས་ཐུགས་རེ་ཆེན་པོས་ཕྲན་ལ་སྐབས་༡༤བའི་སྤྱི་འཐུས་ཀྱི་འོས་ཤོག་བླུག་པ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་དགོངས་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་གི་དགོངས་དོན་གཞིར་བཟུང༌། སྐབས་༡༤བའི་སྤྱི་འཐུས་ཀྱི་ལས་ཡུན་དེའི་རིང་ཕྲན་གྱིས་ཧུར་ཐག་བྱས་ཏེ། ཁྱེད་ཅག་གི་རེ་བ་སྟོང་ཟད་དུ་བཏང་མེད་ཞུ་རྒྱུ་ཡིན།

དེ་བཞིན་སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་མ་ཞུ་གསུངས་མཁན་མདོ་སྨད་རང་ཁོངས་དང༌། མདོ་སྟོད་དང༌། དབུས་གཙང་བཅས་ཀྱི་རྒྱལ་ཞེན་པ་གང་མང་དང༌། དེ་བཞིན་ཕ་ཡུལ་གསེར་རྟའི་གཙོས་བོད་ནས་ཤེས་ལྡན་མི་སྣ་གང་མང་ཞིག་བྱུང་ཡོད་པ་དང༌།

ལྷག་པར་ཡུ་རོབས་ཀྱི་བོད་དོན་ཐོག་སེམས་ཤུགས་ཅན་གྱི་གྲོགས་པོ་ཕྱི་གླིང་བ་སྐོར་ཞིག་གིས་ཕྲན་ལ་སྐབས་༡༥བའི་འོས་ཁོངས་ནས་དགོངས་པ་མ་ཞུ། དེང་སྐབས་ཁྱེད་ཚོའི་གྲོས་ཚོགས་ནང་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་རླབས་ཆེན་མཛད་འཕྲིན་སྤྱི་དང༌། བྱམས་བརྩེ་དང༌། དྲང་བདེན་གྱི་ཐུགས་དགོངས་ཟབ་མོ་ཡར་ཁྱད་གསོད་གཏོར་བཤིག་བྱེད་མཁན་མང་དུ་འགྲོ་བཞིན་འདུག་པས། དེའི་རིགས་ལ་ཁྱོད་ཀྱིས་མཐའ་གཅིག་ཏུ་དྲང་བདེན་གཞིར་བཞག་ཁ་གཏད་གཅག་དགོས་འདུག དེ་ལྟར་གྱིས་དང་བོད་མི་རིགས་ཀྱིས་ཡ་རབས་དྲང་བདེན་སྲུང་སྐྱོབས་ཐུབ་ངེས་རེད། དེ་ལྟར་མ་བྱས་ན་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ། ༧ཏཱ་ལའི་བླ་མའི་ཐུགས་དགོངས་ལྟར་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་བོད་མི་མང་སྤྱི་འཐུས་རེ་ཟུང་གིས་གཙོས་དབུ་ལ་བཞུགས་མཁན་ཚོས་གཏོར་བཤིག་གཏོང་བཞིན་འདུག དེའི་སྐོར་གང་ཟག་འདི་དང་འདིས་བྱེད་སྟངས་འདི་འདྲ་རེད། ཁྱེད་ཀྱིས་འགན་ལོངས་ལ་དེའི་རིགས་སུ་ངོ་རྒོལ་མཐའ་སྐྱེལ་གྱིས་དང༌། གལ་ཏེ་ཁྱོད་ལ་ཚུར་མཁོན་ལན་སློག་མཁན་བྱུང་ན། སྐབས་དེར་ཁོང་ཚོས་རྒྱལ་སྤྱིའི་ཁྲིམས་ཐོག་སྐྱེལ་ངེས་ཡིན་སྐོར་གསུང་མཁན་བྱུང་བ་སོགས་ཚང་མར་ཁྱེད་ཚོའི་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ། ཞུ་བ་དང་ཆབས་ཅིག་ཕྲན་ད་ཐེངས་དགོངས་པ་ཞུས་པ་དེར་སྙིང་ཐག་པ་ནས་དགོངས་སེལ་ཞུ།

ཁ༽ སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་ནས་ད་ཐེངས་གཅིག་པུར་ཕྲན་གྱིས་དགོངས་པ་ཞུས་པ་ཙམ་ལས། རྩ་བའི་ཆ་ནས་ཕྲན་ལ་སྤྱི་འཐུས་ཀྱི་གོང་མིང་ཡོད་མེད་ལ་མ་ལྟོས་པར་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་ཐུགས་དགོངས་གཞིར་བཟུང་རང་འཁྲིའི་བོད་སྤྱི་བའི་རྩ་དོན་ལ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་དམ་བཅའ་འགྱུར་བ་སྤུ་ཙམ་མེད་པར་བརྟན་པོ་གནས་རྒྱུ་ཡིན་པའང་འབྲེལ་ཡོད་ཚོས་དགོངས་འཇགས་མཁྱེན།

ལྔ་བ། དམིགས་བསལ་བཀའ་དྲིན་རྗེས་དྲན།

ཕྲན་སྐབས་༡༤བའི་སྤྱི་འཐུས་ཡིན་པའི་རིང་ལ་རང་ཉིད་འདུག་གནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེས་དབུས་དགེ་སྐོས་རྣམས་དང༌། ཕྱག་མཛོད་སོགས་གྲྭ་ཚང་སྤྱི་ཡོངས་ཀྱིས་ཕྲན་གྱི་སྤྱི་འཐུས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་བས་འབྲེལ་ཡོད་ཚང་མར་བཀའ་དྲིན་དཔག་མེད་ཆེ་ཞུ་རྒྱུ་ཡིན།

དྲུག་པ། མཐའ་བསྡོམས།

བོད་མི་རིགས་རྒྱལ་བསྟན་ཆབ་སྲིད་བཅས་ཀྱི་སྲོག་རྩ་ནག་གཅིག་སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང༌། རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལེགས་འགྲུབ་འབྱུར་བ་དང༌། བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ།།

ཞེས་སྐབས་༡༤བའི་བོད་མི་མང་སྤྱི་འཐུས་ཀྱི་མིང་ཙམ་འཛིན་པ་ཕྲན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལའི་ཆོལ་གསུམ་གཅིག་སྒྲིལ་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༥ ཉིན་སྤེལ་བ་དགེའོ།།  །།
ཞེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
ང་ལ་མཚོན་ན་གསེར་རྟ་བ་གཞིས་བྱས་གཉིས་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན། དེའི་ཆ་ནས་དགོངས་པ་ཞེས་པ་ཡག་པོ་རེད་ཞེས་བཤད་འདོད་བྱུང་། རྒྱུ་མཚན་ནི་ཕྱིར་བཏང་ནས་མི་ཁོ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་ཁོས་ནམ་རྒྱུན་ནས་སྤྱི་ཚོགས་ནང་སྐད་ཆ་སྙན་པོ་་དང་སེམས་ཤུགས་ཡོད་མདོག་གིས་མི་མང་པོ་ཞིག་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། དོན་དངོས་སུ་ཁོང་ནི་དཀྲུགས་ཤིང་ཁོ་ན་ལ་གཡང་ནས་ཡོད་པའི་མི་ཞིག་རེད། ལྷག་པར་ཁོང་མདོ་སྨད་སྤྱི་འཐུས་སུ་སླེབས་པ་དེ་ཡིས་ཁོ་མི་ག་འདྲ་ཞིག་ཡིན་པ་གསལ་པོ་རེད། ཚུལ་ཁྲིམས་འོད་ཟེར་ཟེར་བ་འདིའི་ད་བང་གསེར་རྟ་ཨ་མདོ་ཡིན་ཞེས་དཀྲུགས་ཤིང་བྱས་པ་ལ་བརྟེན་ནས་སླེབས་པ་ཞིག་རེད། ཁོ་གསེར་རྟ་བ་མ་རེད་ཁོ་དཀར་མཛེས་རྡ་ཐལ་མ་རེད་ཟེར་ནས་གསེར་རྟ་བ་མང་པོ་བཤད་སོང་། ཕྱིར་ཁོ་རང་གསེར་རྟ་མ་ཡིན་པ་ཞིག་ལ་གསེར་རྟ་ནི་དེང་་སྐབས་ལོ་རྒྱུས་ཐོག་མདོ་སྨད་ཡིན་པ་དང་། མགོ་ལོག་ཡིན་པ་བོད་གཞིས་བྱས་གཉིས་ནས་གསལ་བོར་ཆགས་ཡོད་ཅེས་རྒྱུུས་མེད་ཚོ་མགོ་སྒོར་གཏོང་ཆེད་བཤད་ཡོད་ཀྱང་། དོན་དངོས་ཐོག་གསེར་རྟ་གཞིས་བྱས་གཉིས་ནས་གསེར་རྟ་ཨ་མདོ་རེད་ཟེར་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། རེ་ཟུང་ཡོད་མཁན་དེ་ཡང་ཚང་མས་བརྟག་དཔྱད་བྱེད་འོས་པའི་གནས་ཞིག་ཆགས་ཡོད། རྒྱུ་མཚན་ནི་དང་སྐབས་གསེར་རྟ་ཨ་མདོ་ཡིན་ཟེར་མཁན་དེ་ཚོ་ཚང་མ་དགོན་སྡེ་ཕྱེ་བྲག་པ་ཞིག་གི་མི་རེ་ཟུང་ཙམ་ཡིན་པ་གསལ་བོ་རེད། ཕྱིར་གསེར་རྟ་བ་བརྒྱ་ཆ་དགུ་བཅུ་གོ་དགུའི་གསེར་རྟ་་དེ་དོན་དངོས་ཐོག་ཁམས་པ་ཡིན་པ་དང་། གསེར་རྟའི་གནའ་དང་གི་མཁས་པ་དང་མི་སྣ་གྲགས་ཅན་ཚང་མས་གསེར་རྟ་ཁམས་པ་ཡིན་པ་གསར་བོར་གསུང་ཡོད་པ་ལ་དོགས་པ་ཙམ་ཡང་བྱེད་ཀྱི་ཡོད་པ་མ་རེད། དེང་སྐབས་གཞིས་བྱས་གཉིས་སུ་ཡོད་པའི་གསེར་རྟ་བ་ལ་འབྲེལ་འདྲེས་ཡོད་པའི་མི་ཞིག་ཡིན་ན་འདི་ཚོ་གསར་པོ་ཤེས་ཀྱི་རེད། བཙན་བྱོལ་ནང་གི་གསེར་རྟ་བ་ལ་མཚོན་ན་ཡང་མདོ་སྨད་ཡིན་ཟེར་མཁན་ཉུང་ཤས་ཞིག་ལས་ཡོད་པ་མ་རེད། དཔེར་ན་་འོས་བསྡུའི་སྐབས་སུ་མདོ་སྨད་ནང་འོས་བླུག་མཁན་ཁ་ཤས་ལས་ཡོད་པ་མ་རེད། ཕྱིར་ཡོང་གི་གསེར་རྟ་བ་ཚང་མའི་མདོ་སྟོད་ནང་འོས་ཤོག་བླུག་གི་ཡོད་པ་རེད། མདོ་སྨད་ནང་འོས་ཤོག་བླུག་མཁན་ཁ་ཤས་དེ་འང་གོང་དུ་ཞེས་པ་བཞིན་དགོན་སྡེ་ཕྱེ་བྲག་པའི་མི་ཁ་ཤས་དེ་ཆགས་ཡོད་པ་རེད། བོད་ནང་དུ་ཡོད་མཁན་གྱི་གསེར་རྟ་བ་ཆ་བཞག་པ་ཡིན་འང་གཅིག་མཚུངས་རེད། གསེར་རྟ་མགོ་ལོག་ཨ་མདོ་ཡིན་པ་གོ་མྱོང་མེད་ཟེར་མཁན་ལས་གསེར་རྟ་མགོ་ལོག་ཨ་མདོ་ཡིན་ཟེར་མཁན་ཧ་ལམ་ཡོད་པ་མ་རེད། ད་བར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བ་འདིའི་དཀྲུགས་ཤིང་དང་ལས་ཀ་གང་བྱས་གསེར་རྟ་གཞིས་བཞུག་གཉིས་ནས་གསལ་བོ་ཤེས་ཀྱི་ཡོད་རེད། རྒྱུ་མཚན་དེ་ལ་བརྟེན་དེང་སྐབས་་གསེར་རྟ་གཞིས་བྱས་གཉིས་ནས་གསེར་རྟ་ཨ་མདོ་ཡིན་པ་གསར་བོར་ཆགས་ཡོད་ཟེར་བ་དེ་ཕལ་ཆེར་ཁོ་རང་་གི་རྨི་ལམ་ཞིག་ཡིན་སྲིད་ཀྱང་དོན་དངོས་ཐོག་གསེར་རྟ་་བ་གཞིས་བྱས་གཉིས་ནས་རྡ་ཐལ་མའི་གྲ་འཁྱར་དེ་ཟེར་ནས་མ་དགའ་ས་བྱེད་ས་ཞིག་ཆགས་ཡོད་པ་དངོས་ཡོད་རེད། ད་དུང་ཁོས་གསེར་རྟ་ཚུལ་ཁྲིམས་ལ་རང་ཉིད་མགོ་ལོག་དང་མདོ་སྨད་ཨ་མདོ་ཡིན་པའི་ལང་ཕྱོགས་ཡོད་རེད་ཞེས་བྲིས་འདུག། ཡིནཡང་དོན་དངོས་ཐོག་ལང་ཕྱོགས་ལ་འགྱུར་བ་འགྲོ་མཁན་དེ་སུ་ཡིན་གསལ་པོ་རེད། ཚུལ་ཁྲིམས་འོད་ཟེར་གཙོས་དེང་སྐབས་གསེར་རྟ་མགོ་ལོག་ཨ་མདོ་ཡིན་ཟེར་མཁན་ཁ་ཤས་ཡོད་པ་དེ་ཚོ་དང་ཐོག་རྒྱ་གར་ལ་ཡོང་སྐབས་བལ་ཡུལ་སྣེ་ལེན་ཁང་སུ་ཁམས་གསེར་རྟ་ཞེས་བྲིས་ནས་ཡོང་ཡོད་པ་དང་། ཕྱིས་སུ་ཡང་ཨ་མདོ་གསེར་རྟ་ཞེས་བསྐྱར་བཅོས་བྱེད་དུ་སོང་བའི་ལོ་རྒྱུས་དེས་་ལྷན་སྐྱས་ཀྱི་ལང་ཕྱོགས་དེ་སུས་འགྱུར་བ་བཏང་མིན་གསར་བོ་ཆགས་ཡོད་པ་རེད། ཁོང་ཚོས་་ཁམས་གསེར་རྟལབྲིས་ཡོད་པའི་ཡིག་ཆ་ཁོངས་ཁ་ཤས་སུ་ད་དུང་བཟོ་བཅོས་བྱེད་མ་ཐུབ་པར་ལྷག་ཡོད་པ་ཁོ་རང་ཚོའི་སེམས་ན་གསར་པོ་ཡོད་རྒྱུ་རེད། དེར་བརྟེན་མདོ་སྨད་ལ་འདི་འདྲིའི་སྤྱི་འཐུས་ཞིག་དགོས་ཡོད་པ་མ་རེད་ཞེས་ངས་དེ་སྔོན་ཡང་མང་པོ་བཤད་མྱོང་། དེ་བས་མདོ་སྨད་པ་ང་རང་ཚོའི་ཁྲོད་དུ་ཡོད་པའི་མི་ཤེས་འཇོན་ཅན་ཞིག་སླེབས་པ་ཡིན་ན་མདོ་སྨད་སྤྱི་འཐུས་ཀྱི་རྒྱན་ཞིག་ཡིན་པ་ལས་གཞན་མི་ངོ་གཉིས་ཅན་ཞིག་གི་ང་ཚོ་ལ་ཕན་པ་གང་ཡང་ཡོད་པ་མ་རེད།
6 ༢༧༢༠༡༠༡༦༡༤
ཨ་མདོའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་ཁམས་པའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཉིས་སྐབས་༡༤་པའི་སྤྱི་འཐུས་ནང་ཕྱོགས་ཞུགས་རྒྱུ་མཟད་གསེར་རྟ་དེ་ཨ་མདོ་ཡིན་པའི་ཚུལ་དང་། ཁམས་པ་ཡིན་པའི་ཚུལ་ཕྱོགས་བཟུང་སྟེ་བྲིས་ཏེ་ནང་རྩོད་བྱེད་ཁུལ་བགྱིས་ཚེ་གཉིས་ཀ་་སྤྱི་འཐུས་ཐོབ་རྒྱུའི་རེ་བ་རྒྱབ་པ་ལྟར་ཁོང་རྣམ་པ་གཉིས་ཀ་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད། མི་ཁ་ཤས་ཀྱིས་ཁམས་གསེར་རྟ་དགོངས་པ་ཞུ་དགོས་འདོད་ཚུལ་དེ་དག་ནི་རྨི་ལམ་བཏང་བ་ཙམ་ལས་ཁོང་ནི་སྤྱི་འཐུས་ནད་དགོངས་པ་ཞུ་སྲིད་ཀྱི་མ་རེད། གང་ལགས་ཤེ་ན་ཁོང་ལ་མིང་ཆེན་པོ་དགོས་པ་དེའི་ཆེད་དུ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད། ཨ་མདོའི་གསེར་་རྟ་གྲྭ་རྐྱང་ཁོང་ནི་དངོས་གནས་སྙིང་རྗེ་དགོས་ཡ་འདྲ་ཞྀག་རེད། གང་ཡིན་ཟེར་ན། སྔོན་མ་ཁམས་པའི་གསེར་རྟའི་བྱུས་འོག་ནས་སྤྱི་འཐུས་ཐོབ་ཙམ་བྱུང་ནའང་ད་ཆ་སྤྱི་འཐུས་སུ་ཐོབ་རྒྱུའི་གདེང་ཚོད་གཏན་ནས་མེད། ཁོང་གཅིག་ནས་གྲྭ་རྐྱང་ཡིན་པ་དང་། གཉིས་ནས་ཁོང་ནི་ཁམས་པ་ཡིན་གང་མགྱོགས་མི་ཚོས་ཤེས་དོགས་ཡོད། གསུམ་ནས་རང་བཙན་ལག་དེབ་ནང་དུ་ཁོང་གིས་མདོི་ཁམས་གསེར་རྟ་ཞེས་བཀོད་ཡོད་པ། བཞི་ནས་དེའི་གནས་སྟངས་གཅེར་བུར་མ་ཐོན་གོང་ཕྱི་འཐེན་མ་གནང་ཚེ་གཟན་ཤམས་བནབ་པའི་གྲྭ་རྐྱང་གི་ཚུལ་དང་མ་མཐུན་པར་མི་ཐ་ཤལ་དུ་འགྱུར་ཉེན་བཅས་ལ་གཡོལ་བ་ཡིན། དེ་མིན་མུ་ཁམས་པ་ཞིག་ཨ་མདོའི་སྤྱི་འཐུས་སུ་བསྡད་ཚེ་ཁོང་ལ་ཉིན་ཞིག་ཨ་མདོའི་མི་མང་གིས་འཁང་ར་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་ཡོད་པ་རེད།
5 ༢༧༢༠༡༠༡༤༤༢
ལོ་རྒྱུས་ནི་ལོ་རྒྱུས་རེད་ལ་དེ་མཐའ་གཅིག་ཏུ་བདེན་པའི་ངེས་པ་མེད་ལ་མི་བདེན་པ་ཡང་མ་རེད།།  འོན་ཀྱང་མཐའ་གཅིག་ཏུ་གཟབ་དགོས་པ་དང་དོ་སྣང་བྱེད་དགོས་པ་ནི་སྐབས་འཚོལ་རིང་ལུགས་ཀྱི་སྐབས་སུ་བབ་པའི་སྐད་ཆ་དག་རེད།། གོང་དུ་བཤད་པའི་སྐད་ཆ་དག་ཀྱང་བདེན་དང་མི་བདེན་མི་ཤེས་ལ་ཁ་ནས་བཤད་པ་དང་ཁོག་ནས་བསམ་པ་གཉིས་མཚུངས་མིན་དེ་བས་ཀྱང་མི་ཤེས།ལོ་ངོ་ལྔ་ཡི་ཡར་སྔོན་དུ་གོ་མེད་ཚོར་མེད་ཀྱི་མི་བུ་ཞིག་ལ་ད་ལྟ་ཐོད་བརྒལ་རང་བཞིན་གྱི་བསམ་བློ་ཡ་མཚན་ཞིག་སྐྱེས་པ་ནི་དོགས་པ་དང་དྲན་རྒྱུ་རྒོད་པའི་ཁོ་བོ་ལྟ་བུ་ལ་མཚོན་ན་ཐེ་ཚོམ་འདྲེན་བྱེད་ཅིག་རེད།།  དེ་ལས་རྒྱལ་སྤྱི་རང་བཞིན་གྱི་ཆབ་སྲིད་དང་མཐོང་རྒྱ།། དེང་དུས་ཀྱི་སྐད་དང་ཡི་གེ། ཕྱི་ནང་མི་རིགས་ལ་འབྲེལ་འཐུད་ཀྱི་ཐབས་ལམ་སོགས་ལ་རྨོངས་པ་དང་།། ཆོས་པའི་གྲལ་དུ་ཡོད་ཀྱང་དམ་ཆོས་རྣལ་མ་ཞིག་ཉམས་སུ་ལེན་པའི་གོ་སྐབས་མེད་པ།། དེ་སྔོན་ཤི་འཐམ་རོ་འཐམ་བྱེད་མྱོང་བའི་དཔེ་ཆ་དག་ཀྱང་བརྗེད་ལ་ཉེ་བ་སོགས་ཀྱིས་སྤྱི་འཐུས་འོས་གཞི་ནས་དགོངས་པ་ཞུས་ཡོད་ཅེས་ཤོད་དང་ཕལ་ཆེར་བདེན་སྲིད་པ་རེད།། 
4 ༢༦༢༠༡༠༠༨༢༣
མྱི་རྒན་ཤི་ཁར་ཕྱན་ཞིག་བཏང་། ཤི་གསོན་མང་པོའི་སྣ་རྣམས་བརྫད།། །།
3 ༢༥༢༠༡༠༢༡༥༦
ཁྱེད་རང་དགོང་ཚུལ་ཡག་པོ་འདུག
2 ༢༥༢༠༡༠༢༡༢༢
དགོངས་པ་སུས་ཞུས་ན་ཞུས་སྨིན་དྲུག་རྔ་་མའི་ཐན་གཏོར་མ་བྱེད་རོགས།
1 ༢༥༢༠༡༠༢༠༢༩
འཆམ་མཐུན་དང་གཅིག་བསྒྲིལ་ལ་བསམ་བློ་བཏང་ནས་དགོངས་ཞུ་གནང་བ་ཡིན་ན་དགའ་བསུ་ཞུ། རྒྱབ་ལོག་ལ་དམིགས་ཡུལ་གཞན་མེད་པར་ཤོག ཚུལ་ཁྲིམས་ཟེར་བའི་མི་གཉིས་ཀྱིས་མདོ་སྟོད་སྨད་གཉིས་བར་རྩོད་གཞི་བཟོས་ན་ཕན་ཐོགས་མེད།
སེམས་ཤུགས་ཡོད་མདོག་མདོག་གིས་སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུ་མཁན་རྒྱ་མིའི་གསང་ཉུལ་ཡོད་རེད་གསུངས་འདུག་ དེ་ལས་ཀྱང་སྐྱབས་མགོན་རིན་པོ་ཆེ་ལ་དད་པ་ཡོད་མདོག་མདོག་གིས་མི་རིགས་དང་རྒྱལ་གཞེན་ཅན་མེད་པ་བཟོ་མཁན་གྱི་རྒྱ་མིའི་གསང་ཉུལ་མང་བ་ཡོད་པ་དེ་མ་བརྗེད་པ་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།