བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་རིགས་ཟབ་སྦྱོང་སྤྲད་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༣ཉིན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཟླ་འདིའི་ཚེས་༢༧ནས་འཆར་ལོ་ཕྱི་ཟླ་དང་པོའི་ཚེས་༦བར་ཉིན་གྲངས་༡༠རིང༌། སི་ལ་ཀུད་བོད་ཀྱི་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ། རྩེད་རིགས་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་ཡོད་འདུག

དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་རིགས་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་ཡོད་འདུག་པ་དང༌། རྩེད་རིགས་ཟབ་སྦྱོང་དེའི་ཐོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༢༠ནས་ལུས་རྩལ་དགེ་རྒན་དང༌། ལུས་རྩལ་སྦྱོང་བརྡར་སྤྲད་མཁན་རྣམས་ལ་དམིགས་བསལ་ཟབ་སྦྱོང་སྤྲད་འཆར་ཡོད་འདུག་པ་དང༌། ད་ལྟའི་ཆར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་དང་མཐུན་འགྱུར་རོགས་རམ་འོག གོང་གསལ་སློབ་གྲྭ་དེ་དག་ནང་རྐང་རྩེད་པོ་ལོ་རུ་ཁག་༡༢ཙམ་གསར་འཛུགས་བྱས་ཟིན་ཡོད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ཀྱིས། ཟབ་སྦྱོང་དེ་འདྲ་ཞིག་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ནི། རྐང་རྩེད་པོ་ལོའི་རྩེད་རིགས་འདི་ཉིད་དར་ཁྱབ་ཆེན་གོང་འཕེལ་འགྲོ་ཆེད་དང༌། དེ་ཡང་གཞི་རྩ་ང་ཚོའི་སློབ་གྲྭ་ཁག་གི་རྩེད་རིགས་སྦྱོང་བརྡར་སྤྲོད་མཁན་དེ་ཚོའི་ཤེས་ཚད་ཉམས་མྱོང་གོ་སྤེལ་བཏོང་ནས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་མ་འོངས་གཞོན་སྐྱེས་གང་མང་མང་ཞིག་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་པོ་ལོའི་འགྲན་སྡུར་ནང་ཞུགས་ཐུབ་རྒྱུའི་རེ་བ་བཅས་ཡིན་ཞེས་འགྲེལ་བརྗོད་གནང་འདུག

ཟབ་སྦྱོང་དེ་ཉིད་ཟླ་འདིའི་ཚེས་༢༧ནས་འཆར་ཟླའི་ཚེས་༦བར་ཉིན་གྲངས་༡༠རིང༌། རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་ཉེ་འགྲམ་དུ་ཡོད་པའི་སི་ལ་ཀུད་བོད་ཀྱི་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་ཚུགས་འཆར་ཡོད་འདུག་པ་དང༌། སྐབས་དེར་ཟབ་སྦྱོང་སྤྲོད་མཁན་རྒྱ་གར་དང་ཡོ་རོབ་ཀྱི་རྒྱལ་ཁབ་སཱ་ལོ་ཝི་ནི་ཡ་ནས་རྐང་རྩེད་པོ་ལོ་མཁས་དང༌། རྩེད་རིགས་ཀྱི་སེམས་ཁམས་རིག་པ་བ། རྩེད་རིགས་གསོ་དཔྱད་རིག་པ་བ། གཞན་ཡང་ཡོ་ག་སློབ་སྟོན་པ་སོགས་ཆེད་དུ་གདན་འདྲེན་ཞུ་རྒྱུ་ཡིན་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས། བོད་ཕྲུག་ཁྱིམ་སྡེ་དབུས་ཡིག་ཚང་དང༌། བོད་གཞུང་ཤེས་རིག་ལས་ཁུངས། ལྡི་ལི་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ། བོད་གཞུང་སམ་བྷོ་ཊ་གཏན་སློབ་སོགས་དང་མཉམ་སྦྲེལ་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༢༠ནང་རྐང་རྩེད་པོ་ལོ་རུ་ཁག་༡༢ཙམ་གསར་འཛུགས་བྱས་པ་ནས་བཟུང༌། འདི་ནི་དམིགས་བསལ་ཟབ་སྦྱོང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

གོང་གསལ་རྐང་རྩེད་པོ་ལོ་རུ་ཁག་དེ་ཚོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སྦྱོར་བརྡར་དང༌། མཐུན་རྐྱེན་སྦྱོར་ནས་ད་བར་ལོ་ངོ་༦ཙམ་འགྲོ་བཞིན་ཡོད་འདུག་པ་དང༌། མ་འོངས་སློབ་གྲྭ་གང་རུང་ནང་རྐང་རྩེད་པོ་ལོ་རུ་ཁག་དེ་འདྲ་ཞིག་གསར་འཛུགས་གནང་ཚེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལོ་ལྟར་ཧིན་སྒོར་༡༠༠༠༠རེ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནི་བཙན་བྱོལ་བོད་གཞུང་གིས་ངོས་ལེན་འོག་སྤྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་ཞིག་དང༌། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་རྒྱབ་སྐྱོར་འོག་ཕྱི་ལོ་༢༠༠༢ ལོའི་ཟླ་ ༥ བའི་ནང་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་རེད་འདུག ཕྱི་ལོ་༢༠༠༣ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ནས་གོ་སྒྲི་བྱེད་སྒོ་བརྩམས་པ་ནས་བཟུང་དབར་གོ་སྒྲིག་ཐེངས་༦ གང་ལེགས་བྱུང་ཡོད་པ་དང༌། དེང་སང་ཚོགས་ཆུང་གིས་ལོ་ལྟར་རྩེད་འགྲན་འདི་གོ་སྒྲིག་བྱེད་མུས་དང༌། རྐང་རྩེད་རུ་ཁག་ཉི་ཤུ་ལྷག་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་ཚོགས་ཆུང་ནང་དེབ་སྐྱེལ་བྱས་ཡོད་འདུག

རྒྱལ་ཡོངས་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྩེད་འགྲན་ཁོ་ནར་བོད་རིགས་ན་གཞོན་ཚོས་རྩེད་འགྲན་དུ་འཛུལ་ཞུགས་མང་ཤོས་བྱེད་ཡུལ་ཞིག་ཏུ་གྱུར་བ་དང༌། རྩེད་འགྲན་དེའི་བརྒྱུད་ནས་བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་ཆུང་གིས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ནང་རྐང་པོ་ལ་འགྲན་སྡུར་ནང་འཛུལ་ཞུགས་བྱེད་བཞིན་ཡོད། བོད་རྒྱལ་ཡོངས་རྐང་པོ་འགྲན་སྡུར་ཚོགས་ཆུང་ནས་རྒྱུན་དུ་སློབ་གྲྭ་ཁག་དང༌། རུ་ཁག་ཁག་ལ་སློབ་སྟོན་དང་འདེམས་སྒྲུབ་ཙམ་མ་ཟད། ནུས་ཤུགས་དང་མཐོང་རྒྱ་སྤེལ་རྒྱུར་འབད་བརྩོན་བྱས་དང་བྱེད་མུས་རེད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་ཕྱི་ལོ་ ༡༩༩༩ ལོར་ཨི་ཊ་ལི་དང༌། ཕྱི་ལོ་༢༠༠༡ལོར་ཌེན་མག་དང༌། སུད་སི། ཇར་མན་ནིང༌། ཕྱི་ལོ་ ༢༠༠༣ ལོར་ཧྥ་རན་སི་དང་ཌན་མག ཕྱི་ལོ་ ༢༠༠༦ ལོར་ཇར་མན་ནིང་དང་བྱང་ས་ཡ་ར་ཝ། ཕྱི་ལོ་ ༢༠༠༨ ལོར་ཧོ་ལན་ཌི་དང༌། ཨེ་ཊ་ལི། སུ་སིད། ཨོ་སི་ཀྲིར་ལི་ཡ། ཇར་མན་ནིང་བཅས་ཁྱོན་རྒྱལ་ཁབ་༩ཙམ་གྱི་ནང་རྩེད་འགྲན་བྱེད་པར་ཕྱིན་ཡོད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་མ་འོངས་ལས་འཆར་ནི།

༡༽བོད་པའི་སྤྱི་ཚོགས་ནང་རྩེད་རིགས་སྦྱོང་བརྡར་བསྟི་གནས་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་རྒྱུ་དང༌།

༢༽  སྤྱི་ཚོགས་ནང་རྐང་པོ་ལ་གཞི་རྩ་དང༌། ནུས་ལྡན། རྐང་པོ་རུ་ཁག་རྣམས་ཚད་ལྡན་བཟོ་ཐབས།

༣༽  སློབ་གྲྭ་ཁག་ལ་རྐང་པོ་རུ་ཁག་ཇེ་མང་ཡོང་རྒྱུར་བརྒྱུད་སྐུལ་བྱ་རྒྱུ།

༤༽ སློབ་གྲྭ་ཁག་དང་རྐང་པོ་རུ་ཁག་དབར་འགྲན་སྡུར་གོ་སྒྲིག་བྱ་རྒྱུ།

༥༽ རྒྱ་གར་ནང་གི་རྐང་པོ་རྩེད་འགྲན་ནང་དུ་མཉམ་ཞུགས་བྱ་ཐབས།

༦༽ རྒྱལ་སྤྱིའི་ནང་དུ་རྐང་པོ་རུ་ཁག་རྒན་གཞོན་གཉིས་ཀར་སྐོར་བསྐྱོད་གོ་སྒྲིག་བྱ་རྒྱུ།

༧༽ སྤྱི་ཚོགས་ནང་རྩེད་རིགས་གོང་སྤེལ་གཏོང་རྒྱུར་ལས་འཆར་གོ་སྒྲིག་ཞུ་རྒྱུ།

༨༽ ལས་བྱེད་དང་སྦྱོང་བརྡར་སློབ་ཁྲིད་པ་ཚོར་སྦྱོང་བརྡར་ལས་འཆར་གྲ་སྒྲིག་ཞུ་རྒྱུ།

༩༽ བོད་རྒྱལ་ཡོངས་རྐང་པོ་རྩེད་འགྲན་རུ་ཁག་རྣམས་ལ་སྦྱོང་བརྡར་བསྟི་གནས་འཛུགས་རྒྱུ་བཅས་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།