ན་གཞོན་རྩོམ་པ་པོ་དགེ་འདུན་ཚེ་རིང་ལགས་སུ་བཅར་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༣ཉིན། ང་རང་སྒེར་གྱི་བརྩམས་ཆོས་༼མིག་ཆུ་༽ཟེར་བ་དེ་༢༠༠༨ལོ་ནས་བོད་ནང་དུ་དོན་རྐྱེན་རབ་དང་རིམ་པ་བྱུང་བ་ནས་བཟུང་། རང་གི་སེམས་ཀྱི་ན་ཟུག་དེ་གནོན་མ་ཐུབ་པར་ཉིན་རེའི་ཚོར་སྣང་དང་བསམ་གཞིགས། མཐོང་ཐོས་མྱོང་གསུམ་སོགས་ཉིན་ཐོ་རུ་བཀོད་ནས་དེབ་གཟུགས་སུ་པར་སྐྲུན་བྱས་པ་ཞིག་ཡིན།

འདི་ནི་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་མདོ་སྨད་རྔ་བ་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་དགེ་འདུན་ཚེ་རིང་ལགས་སུ། འདི་གའི་གསར་འགོད་པ་པདྨ་མཚོ་དྷ་ས་སྣེ་ལེན་ཁང་གསར་པར་ཆེད་བསྐྱོད་ཀྱིས། ཁོང་ལ་གནས་ཚུལ་ཁག་ཅིག་བཅར་འདྲི་བྱས་པ་ཞིག་ཡིན།

༡ ཐོག་མར་ཁྱེད་ཀྱིས་རང་གི་མིང་དང་ཕ་ཡུལ་སོགས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས་གནང་།

ལན། ངའི་མིང་ལ་དགེ་འདུན་ཚེ་རིང་ཟེར། ཕ་ཡུལ་མདོ་སྨད་རྔ་བ་ཁུལ་དམར་ཐང་རྫོང་གསེར་དེའུ་ཡུལ་ཚོའི་རུ་ཁག་དང་པོ་ཡིན།

༢ ཁྱེད་རང་གི་སློབ་སྦྱོང་གི་བརྒྱུད་རིམ་མདོར་བསྡུས་ཤིག་གསུང་རོགས་ཞུ།

ལན། ང་རང་ལོ་ན་དྲུག་ཙམ་ལ་གསེར་དེའུ་སློབ་ཆུང་དུ་སློབ་གྲྭར་སོང་ནས་རིམ་གྱིས་དམའ་འབྲིང་བར་དུ་འགྲོ་ཐུབ་པ་བྱུང། དེ་ནས་གྲྭ་བ་བྱས་ཏེ་གསེར་རྟ་བླ་རུང་སྒར་དུ་ལོ་གསུམ་ལྷག་ལ་རིག་གནས་དང་ཚད་མ་སོགས་ལ་རང་ནུས་ཅི་ལྕོགས་ཀྱིས་སློབ་གཉེར་བྱས་པ་ཡིན། དེ་རྗེས་སྡེ་དགེ་རྫོང་དུ་བོད་ཀྱི་སྤྲུལ་སྐུ་ཁ་ཤས་ཀྱིས་བཙུགས་པའི་དྭ་ཕྲུག་སུམ་བརྒྱ་ལྷག་ཡོད་པའི་༼དྭ་ཕྲུག་བྱམས་སྐྱོང་སློབ་གྲྭ༽ཟེར་བ་ཞིག་གི་ནང་དུ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་སློབ་ཁྲིད་བྱས་ནས་དགེ་རྒན་གྱི་ལས་འགན་ཁུར་དུ་བླངས་པ་ཡིན།

༣ གོ་ཐོས་ལྟར་ན། ཁྱེད་ཀྱིས་དུས་དེབ་དང་ཚགས་པར། དེ་མིན་ཁྱེད་རང་སྒེར་གྱི་ཆེད་དེབ་ཅིག་ཀྱང་འགྲེམས་སྤེལ་བྱས་ཡོད་པ་རེད་ཟེར། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ༢༠༠༨ལོར་བོད་ཀྱི་ཡུལ་ཕྱོགས་གང་ས་ནས་དྲང་བདེན་དང་རང་དབང་གི་ཆེད་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་སྤུན་ཟླ་གྲངས་མེད་པ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པས། ང་ཚོ་བོད་རང་གི་རྩོམ་པ་པོ་བཅུ་གཉིས་ཙམ་ས་གནས་གཅིག་ཏུ་འཛོམས་ཏེ་ཤི་བོ་དང་ད་ལྟ་བཙོན་འོག་ཏུ་སྡུག་བསྔལ་མྱོང་བཞིན་པ་རྣམས་ཀྱི་ཚབ་བྱས་ཏེ་བདེན་པ་བདེན་དྲང་གི་ཐོག་ནས་ཚགས་པར་དང་དུས་དེབ། སྒེར་གྱི་བརྩམས་ཆོས་སོགས་ཀྱི་ནང་ནས་ངེས་པར་དུ་བོད་ཀྱི་དངོས་ཡོད་གནས་སྟངས་དེ་ཕྱི་ནང་གཉིས་ལ་འགྲེལ་བརྗོད་བྱེད་དགོས།  བྱ་བ་དེ་ལེགས་འགྲུབ་བྱུང་དགོས་ན། ཁྲོམ་སྲང་དུ་ངོ་རྒོལ་སྐད་འབོད་བྱས་པ་ཙམ་གྱི་འགྲུབ་འབྲས་ཐོན་མི་ཐུབ་པས། ང་ཚོས་ངེས་པར་དུ་དུས་དེབ་དང་ཚགས་པར་གྱི་ལམ་ནས་ལམ་ལ་ཆས་དགོས་པ་རེད།  དམིགས་ཡུལ་དེ་བཟུང་ནས་ང་རང་གིས་གཙོ་འགན་ཁུར་ཏེ་ཕྱིའི་གནོན་ཤུགས་སོགས་ལ་མ་འཛེམས་པར་༼གསོན་མིག་༽ཟེར་བའི་དུས་དེབ་དེ་བརྩམས་པ་ཡིན། དེའི་ནང་དུ་གཙོ་བོ་༢༠༠༨ནས་༢༠༡༠བར་གྱི་བོད་ཆོལ་ཁ་གསུམ་གྱི་གནས་སྟངས་དང་ཞི་བའི་ངོ་རྒོལ་གྱི་དངོས་ཡོད་གནས་སྟངས། རྒྱ་ནག་གི་དྲག་པོའི་ལས་འགུལ། ལྷག་པར་དུ་དུས་སྐབས་དེ་དང་བསྟུན་ནས་རྒྱ་ནག་གི་གསར་འགྱུར་རྫུན་མ་འདྲ་མིན་སྤེལ་གྱི་ཡོད་པ་སོགས་བརྗོད་བྱ་གཙོ་བོར་དྲངས་ནས་ས་ཁུལ་གང་སར་འགྲེམས་སྤེལ་བྱས་པ་ཡིན།

དེ་ནས་ང་རང་སྒེར་གྱི་བརྩམས་ཆོས་༼མིག་ཆུ་༽ཟེར་བ་དེ་༢༠༠༨ལོ་ནས་བོད་ནང་དུ་དོན་རྐྱེན་རབ་དང་རིམ་པ་བྱུང་བ་ནས་བཟུང་། རང་གི་སེམས་ཀྱི་ན་ཟུག་དེ་གནོན་མ་ཐུབ་པར་ཉིན་རེའི་ཚོར་སྣང་དང་བསམ་གཞིགས། མཐོང་ཐོས་མྱོང་གསུམ་སོགས་ཉིན་ཐོ་རུ་བཀོད་ནས་དེབ་གཟུགས་སུ་པར་སྐྲུན་བྱས་པ་ཡིན། དེ་བཞིན་ང་ཚོས་རྩོམ་སྒྲིག་བྱས་པའི་དུས་དེབ་༼ཞི་བདེའི་དྲག་རྒོལ༽དང་ ༼ ལྕེ ༽གཉིས་ཀྱང་བོད་རང་གི་དངོས་ཡོད་གནས་བབ་རྐྱང་རྐྱང་བརྗོད་བྱ་བྱས་པ་ཞིག་ཡིན།

༤ ༼ ལྕེ ༽ཞེས་པའི་དུས་དེབ་དེ་གཙོ་བོ་ག་རེའི་སྐོར་རེད།

ལན། དུས་དེབ་དེའི་བརྗོད་བྱ་གཙོ་བོ་ཡུལ་ཤུལ་ས་ཡོམ་གྱི་སྐོར་རེད། སྐབས་དེར་ང་རང་ཁམས་དཔལ་ཡུལ་རྫོང་དུ་ཉེན་གཡོལ་དུ་ཡོད་ཀྱང༌། གནོད་ཐེབས་ས་ཁུལ་གྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱེད་པའི་ཆེད་དུ་ང་དང་ཆབ་སྲིད་ཀྱི་ཉེས་མིང་བཏགས་པའི་ངའི་གྲོགས་པོ་བདུན་བཅས་གསར་འགྱུར་འགོད་དུ་ཕྱིན་པ་ཡིན། འོན་ཀྱང༌། ཕྱོགས་བཞི་རུ་རྒྱ་ནག་གི་དམག་མི་སྟོང་ཕྲག་དུ་མས་བསྐོར་ཏེ་ནང་དུ་འགྲོ་བཅུག་གི་མི་འདུག་ ནང་ན་ངའི་སྲོག་སྐྱོབས་དང་ཞེས་ངུ་འབོད་བྱེད་བཞིན་པའི་སྒྲའང་ཐོས་ཀྱང་ང་ཚོ་ནང་དུ་གཏོང་གི་མི་འདུག ང་ཚོ་གསར་འགོད་པ་ཡིན་ཞེས་ཞུ་བ་བྱས་ཀྱང་རྒྱལ་ཁབ་ཀྱི་ཆོག་མཆན་མེད་ན་ནང་དུ་འགྲོ་མི་ཆོག་ཟེར། སྐབས་དེར་བོད་ཀྱི་གསར་འགོད་པའང་མང་པོ་ཞིག་སླེབས་ཡོད་ཀྱང་རྒྱ་ནག་གི་བཀའ་བརྡ་ཁོ་ནར་ཉན་པ་ལས། གསར་འགོད་ཀྱི་རང་དབང་ཅི་ཡང་མི་འདུག

བར་ལམ་ཤིག་ལ། གསེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་ནམས་དར་རྒྱས་སོགས་གྲྭ་བ་མང་པོ་སླེབས་སོང་བས་ང་ཚོས་མཉམ་གཅིག་ཏུ་སྐད་འབོད་བྱས་རྗེས་གཞི་ནས་ནང་དུ་བཏང་སོང་ལ། ཉིན་གྲངས་ལྔ་དྲུག་ཙམ་ལ་ཁང་ཆག་ཞིག་རོ་དེ་ཚོ་བསྔོགས་ནས་ཤི་བོ་གསོན་པོ་མང་པོ་ཞིག་ལེན་ཐུབ་སོང༌། འོན་ཀྱང༌། ཉིན་རེ་བཞིན་རྒྱ་ནག་གི་དམག་མི་དང་གསང་ཉུལ་བ་སོགས་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོ་ཡང་ཡུན་རིང་སྡོད་མ་ཕོད་པར་རང་རང་གི་ཕྱོགས་སུ་མི་འགྲོ་ཐབས་མེད་བྱུང་ཡང༌། སྐབས་དེར་ས་གནས་ཡུལ་མི་ལ་བཅར་འདྲི་བྱས་པ་དང་རང་ཉིད་ཀྱི་མཐོང་ཐོས་སོགས་ཇི་བཞིན་དུ་བཀོད་པའི་ལྕེ་ཞེས་པའི་དུས་དེབ་ཅིག་པར་སྐྲུན་བྱེད་ཐུབ་སོང༌།

༥ ཁྱེད་ཀྱི་གསོན་མིག་དང་མིག་ཆུ་གཉིས་ཇི་ལྟར་བྱས་ནས་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་ཐུབ་པ་བྱུང་སོང༌།

ལན། ཆབ་སྲིད་ཀྱི་གནོན་ཤུགས་སོགས་ལ་མ་འཛེམས་པར་སོ་སོའི་མཐོང་ཐོས་མྱོང་གསུམ་དྲང་བདེན་གཉིས་ལྡན་གྱིས་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་པའི་ཆོད་སེམས་ཡོད་ཀྱང༌། འགྲེམས་སྤེལ་མ་བྱས་གོང་དུ། དཔེ་དེབ་དེ་གཉིས་བོད་མདོ་དབུས་ཁམས་གསུམ་དུ་འགྲེམས་སྤེལ་བྱེད་ཐུབ་རྒྱུར་སེམས་ཁུར་ཆེན་པོ་འདུག དེ་བས་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཁམས་པའི་སློབ་ཆེན་སོགས་ཀྱི་ནང་ནས་ཟུར་ཞུགས་མི་སྣ་ཉི་ཤུ་ལྷག་བསྡུས་ནས་མཉམ་རུབ་ཀྱིས་འགྲེམས་སྤེལ་གྱི་ལས་ཀ་ཆ་ཚང་ཁུར་དུ་བླངས་ཡོད་ཀྱང༌། ཕྱི་ནང་གི་རྐྱེན་སྣ་ཚོགས་ཤིག་གི་དབང་གིས་དུས་ཐོག་ཏུ་འགྲེམས་སྤེལ་བྱེད་མ་ཐུབ། འདི་ལོའི་ཟླ་༡་ཚེས་༡ཉིན་གཞི་ནས་དཔེ་དེབ་དེ་གཉིས་རྒྱ་ནག་ཁྲིན་ཏུའུ་རུ་པར་སྐྲུན་བྱས་པ་དང༌། ཉིན་གཅིག་ལ་ཕྱོགས་སོ་སོ་ནས་འགྲེམས་སྤེལ་བྱས་ཏེ་དཔེ་དེབ་༥༠༠༠ལྷག་རེ་ཡོད་པ་གཅིག་ཀྱང་མ་ལུས་པར་རང་རེའི་ཀློག་པ་པོ་ཚོའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་ཡོད་ལ། ཀུན་གྱི་དགའ་བསུ་ཡང་ཆེན་པོ་ཐོབ་སོང༌།

༦ ཁྱེད་རང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། དཔེ་དེབ་ཅིག་པར་སྐྲུན་བྱེད་རྒྱུར་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད།

ལན། སྤྱིའི་ཆ་ནས་དཀའ་ངལ་ཧ་ཅང་མང་པོ་ཡོད་པ་རེད། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བ་ཡོད་པ། རང་གི་མི་རིགས་དང་འབྲེལ་བ་ཡོད་པ། དངོས་ཡོད་གནས་བབ་དང་འབྲེལ་བ་ཡོད་པའི་བརྩམས་ཆོས་ཤིག་འགྲེམས་སྤེལ་བྱེད་རྒྱུ་དེ་ནི་རྩོམ་པ་པོ་དང་རྩོམ་སྒྲིག་པ་བསྲེག་པར་བྱེད་པའི་ལས་ཀ་ཧ་ཅང་ཉེན་ཁ་ཅན་ཞིག་རེད།

༧ ད་ལྟ་བོད་ནང་དུ་ཚགས་པར་དང་རླུང་འཕྲིན། དྲ་ཚིགས་སོགས་ལྟ་ཀློག་ཉན་གསུམ་བྱེད་རྒྱུ་མང་ཤོས་དང་ཡག་ཤོས་དེ་གང་རེད་བསམ་གྱི་ཡོད།

ལན། བོད་ནང་གི་སློབ་མ་དང་གྲྭ་བ་སོགས་རིག་གནས་ལ་ཁ་ཕྱོགས་བཞིན་པ་དང་མི་རིགས་ཀྱི་འདུ་ཤེས་ཟབ་པའི་གཞོན་སྐྱེས་ཚོས་རྒྱུན་དུ་དགའ་མོས་དང་ལྟ་ཀློག་བྱེད་རྒྱུ་མང་ཤོས་དེ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རེད། བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་དང་ཤེས་ཡོན་པ་མང་པོས་བོད་ཀྱི་གནས་བབ་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་དྲ་ཚིགས་འདིར་བཀོད་ཡོད་པའི་རྐྱེན་གྱིས་རྒྱ་ནག་གིས་སྒོ་བརྒྱབ་ཚར་བ་རེད། དེ་རིང་ཁ་སང་བོད་ནང་དུ་ཀུན་གྱིས་དགའ་མོས་དང་བག་ཆགས་ཟབ་མོ་འཇོག་པའི་སྤྱི་ཚོགས་ཀྱི་གནས་བབ་ངོ་མ་དེ་སྔོག་ཐུབ་མཁན་གྱི་དྲ་གནས་ཚད་ལྡན་གཅིག་ཀྱང་མི་འདུག

༨ བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ག་རེ་རེད།

༢༠༡༠ལོའི་ཟླ་༡ཚེས་༢༠ཡས་མས་སུ། རྒྱ་ནག་གིས་གསོན་མིག་དང་མིག་ཆུ་གཉིས་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་པར་བསྙད་ནས་ཕ་ཡུལ་གསེར་དེའུ་གྲོང་སྡེ་རུ་ཉེན་རྟོག་པའི་རླངས་འཁོར་བདུན་ཙམ་སླེབས་སོང་ཟེར། འོན་ཀྱང། སྐབས་དེར་ང་རང་དགོན་པར་ཡོད་པས་ཉིན་དེར་འཛིན་བཟུང་བྱེད་མ་ཐུབ། ངའི་གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་ནས་ཁྱེད་མྱུར་ཏུ་འབྲོ་ཐབས་མ་བྱས་ན་ཉེན་རྟོག་པས་གང་སར་འཚོལ་གྱིན་འདུག་ཟེར། དེ་ནས་ཕ་མ་དང་དགོན་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་ཉེས་ཅན་མ་སྤྲད་ན། དགོན་པའི་ཁྲི་པ་དང་དགེ་སྐོས་སོགས་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར། ཁྱེད་རང་ཉེན་རྟོག་པའི་ལག་ཏུ་ཤོར་ན་ནམ་ཡང་ཕྱིར་ཡོང་ཡོད་རྒྱུ་མ་རེད། མྱུར་ཏུ་འབྲོ་ཐབས་བྱོས་ཞེས་ཨུ་ཚུགས་བརྒྱབ་སོང། མ་གཞི་ང་དང་ངའི་རྩོམ་གྲོགས་ཚོས་དཔེ་དེབ་དེ་གཉིས་འགྲེམས་སྤེལ་བྱས་རྗེས་རྒྱ་ནག་གིས་ག་དུས་འཛིན་བཟུང་བྱེད་ཡོང་སྙམ་ནས་སྒུག་ནས་བསྡད་ཡོད་པ་ལས་གྲ་སྒྲིག་གཞན་གང་ཡང་མེད། ཡིན་ནའང། ཁོང་ཚོས་ཨུ་ཚུགས་བརྒྱབ་ཏེ་ང་རླངས་འཁོར་དང་སྦག་སྦག་སོགས་འགྲོ་སྐྱོད་མི་ཐུབ་པའི་འབྲོག་ས་ཞིག་ཏུ་བསྐྱལ་བྱུང། དེ་ནས་ཡང་ཡུན་རིང་མ་འགོར་པར་ཉེན་རྟོག་པས་རྟ་བཞོན་ནས་འབྲོག་ས་རུ་འཚོལ་གྱིན་འདུག་ཟེར་བས་མཛོ་དགེ་ཐེ་བོ་རུ་ཕྱིན་པ་ཡིན།

ཉིན་ཞིག  ཕ་ཡུལ་གྱི་གྲོགས་པོ་ཞིག་ལ་ཁ་པར་བཏང་བ་ན། ངའི་རྩོམ་གྲོགས་ཚེ་རིང་དོན་འགྲུབ་ལགས་ཀྱིས་༼གསོན་མིག༽གི་ནང་དུ་བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་དགོས་པའི་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ཡོད་པ་དང། ང་དང་འབྲེལ་བ་ཡོད་པར་བསྙད་ནས་ཁོང་གི་སྤུན་མཆེད་གཉིས་བཅས་འཛིན་བཟུང་བྱས་སོང་ཟེར། ང་རང་འུ་ཐུག་ཐབས་ཟད་ནས་རང་འགུལ་གྱིས་ཉེན་རྟོག་ཁང་དུ་གཏུག་རྒྱུ་སེམས་ཐག་བཅད་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།

ངའི་ཕ་ཡུལ་གྱི་ཁྱིམ་མི་ཉེ་འབྲེལ་དང་དགོན་པ། གྲོགས་གྲོགས་མོ་ཡོད་ཚད་རྒྱ་ནག་གི་རྟོག་དཔྱོད་འོག་ན་ཉིན་མཚན་མེད་པར་འཇིགས་སྣང་གིས་འཚོ་བ་སྐྱེལ་བཞིན་འདུག ང་ཕ་ཡུལ་དུ་སླེབས་པ་དང་ཐད་ཀར་ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་ཀྱི་སར་སོང་ནས་ངས་ཁོང་ཚོ་བརླགས་བཞག་པ་རེད། ང་རང་ཉེན་རྟོག་ཁང་དུ་སོང་ནས་རང་ཉེས་ངོས་ལེན་་བྱས་ཆོག་ཅེས་བཤད་པར། ཁོའི་ཕ་མ་གཉིས་ཀྱིས་མིག་ནས་མཆུ་མ་འདོན་ཞོར་དུ། ཁ་དྲོ་བཀྲ་ཤིས། ཁྱེད་ཉེན་རྟོག་ཁང་དུ་སོང་ན་ཕྱིར་ཡོང་ཡོད་ནི་མ་རེད། དེ་ལས་མིག་གིས་མི་རིག་ས་དང་རྣ་བས་མི་གོ་ས་ཞིག་ཏུ་འབྲོ་རོགས་བྱོས་ཞེས་ཞུ་བ་ཡང་ཡང་བྱས་སོང་བས། ངས་ད་གཟོད་ཡུལ་གྱར་གྱི་ལམ་ཀ་འདི་བདམས་ནས་གཙང་ཉི་མ་ལྷ་སའི་ཕྱོགས་སུ་ལམ་ལ་ཆས་པ་ཡིན། ལྷ་ས་ནས་ལམ་ཁྲིད་ཞིག་ལ་རྒྱ་སྒོར་༡༧༠༠༠སྤྲད་ནས་བལ་ཡུལ་སྣེ་ལེན་ཁང་དུ་བདེ་ལེགས་ངང་བསྐྱལ་བྱུང༌།

༩ ཁྱེད་རང་བོད་ནས་གསར་དུ་འབྱོར་བ་ཞིག་ཡིན་པའི་ཆ་ནས་གཞིས་ལུས་བོད་མི་ཚོའི་ཚབ་བྱས་ཏེ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

ལན། གཞིས་ལུས་ཆོལ་གསུམ་བོད་མི་གྲངས་མེད་པ་ཞིག་གིས་ལོ་ངོ་ལྔ་བཅུའི་རིང་གི་ལུས་སེམས་ཀྱི་སྡུག་བསྔལ་ཚང་མ་སེམས་ཁོང་དུ་ཉར་ནས། སོ་སོའི་གཅེས་སྲོག་སོགས་ཡོད་ཚད་བློས་བཏང་ནས་རང་མི་རིགས་ཀྱི་ཆེད་དུ་འབད་བརྩོན་དང་མི་རིགས་ཤིག་གི་འོས་འགན་ཁུར་དུ་ལེན་བཞིན་པ་ལེགས་འགྲུབ་ཡོང་རྒྱུ་དང༌། ང་ཚོ་རང་དབང་ལུང་པ་རུ་ཡོད་མཁན་ཚོས་ཀྱང་མིག་སྔར་གྱི་བྱ་བ་གང་དང་གང་ཡིན་ནའང་ཧུར་ཐག་གིས་བསྒྲུབ་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་ཞེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བཅར་འདྲི་བྱས་ཏེ་ཡི་གེར་ཕབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།