ཁམས་སྡེ་དགེ་ནས་ཆབ་སྲིད་ལས་འགུལ་བ་གསུམ་དྷ་སར་འབྱོར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༣ཉིན། ལས་འགུལ་སྐབས་མི་གཞན་དང་འབྲེལ་བ་མི་བྱེད་པ་དང༌། སྦྱར་ཡིག་གི་འོག་ཏུ་རང་མིང་འབྲི་དགོས་དོན་ནི། རང་གི་འགན་རང་གིས་འཁྱེར་ནས། མི་གཞན་དོན་མེད་འཛིན་བཟུང་དང་རྡུང་རྡེབ་མི་ཕོག་པའི་ཆེད་དུ་ཡིན་ཞེས་ཁམས་སྡེ་དགེ་ནས་ཡིན་པའི་ཆབ་སྲིད་ལས་འགུལ་བ་གསུམ་གྱིས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༠༩ལོར་ཁམས་སྡེ་དགེ་ཁུལ་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་དང༌། སྦྱར་ཡིག་བཀྲམ་མཁན། ཆབ་སྲིད་ལས་འགུལ་བ། ཀུན་དགའ་རིན་ཆེན་ལགས་དང༌། བློ་བཟང་ནོར་བུ་ལགས། མཁས་གྲུབ་རྒྱལ་མཚོ་ལགས་གསུམ་ཉེ་ཆར་དྷ་ས་སྣེ་ལེན་ཁང་དུ་འབྱོར་འདུག་པ་དང༌། དེ་རིང་འདི་གའི་གསར་འགོད་པས་ཁོང་ཚོར་དེ་སྔོན་ཕྱི་ལོ་༢༠༠༩ལོར་ལས་འགུལ་ཇི་ལྟར་སྤེལ་མིན་སོགས་བཅར་འདྲི་བྱས་པ་ཡིན།

སྐབས་དེར་ཁོང་གསུམ་པོའི་ནང་ཀུན་དགའ་རིན་ཆེན་ལགས་ཀྱིས། ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་དོན།

ཕྱི་ལོ་ ༢༠༠༩  ཟླ ༡༡ ཚེས་ ༡༠ ཉིན་གུས་པ་ཀུན་དགའ་རིན་ཆེན་དང༌། ངའི་གྲོགས་པོ་བློ་བཟང་ནོར་བུ། མཁས་གྲུབ་རྒྱལ་མཚོ་ངེད་གསུམ་གྱིས། ཆབ་སྲིད་ཀྱི་ལས་འགུལ་ནང་དུ་འཛུལ་བཞུགས་བྱས་པ་ཡིན། ང་ཚོ་ཆབ་སྲིད་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་མི་རྣམས་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་མི་སྤྲོད་པ་མ་ཟད། རྟགས་ཏུ་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་སྣ་ཚོགས་བྱེད་ཀྱིན་འདུག་པས། ང་ཚོའི་སེམས་ཀྱིས་བཟོད་ཐབས་མི་འདུག སྐབས་དེར་ངའི་གྲོགས་པོ་བློ་བཟང་ནོར་བུ་དང༌། མཁས་གྲུབ་རྒྱ་མཚོ། ངེད་གསུམ་ཀྱི་གྲོས་བསྡུར་བྱས་ནས་ལས་འགུལ་ཞིག་སྤེལ་རྒྱུ་ཐག་བཅོད་བྱས་པ་ཡིན།

ཐོགས་མ་ང་ཚོས་བོད་རང་བཙན་དགོས་པའི་སྦྱར་ཡིག་མང་པོ་བྲིས་པ་ཡིན། དེ་བཞིན་བོད་ཀྱི་རྒྱ་དར་བཞི་བྲིས་པ་ཡིན། ང་ཚོས་ཡིག་ཆ་མང་པོ་ཞིག་གྲོང་བ་དང་ཤང་སོགས་ལ་བཀྲམ་པ་ཡིན། ང་ཚོས་ཤང་གི་ནང་ལ་བོད་ཀྱི་རྒྱལ་དར་གཉིས་བཙུགས་པ་ཡིན། དེ་ནས་དགོན་གསར་དགོན་པའི་ཉེ་འགྲམ་ལ་བོད་ཀྱི་རྒྱལ་དར་གཅིག་བཙུགས། ཟམ་ཆེན་སྟེང་ལ་བོད་ཀྱི་རྒྱ་དར་གཅིག་བཙུགས་པ་ཡིན། ང་ཚོས་སྦྱར་ཡིག་ནང་དུ་བོད་རང་བཙན་ཡིན་ཞེས་སོགས་བྲིས་ཡོད་པ་མ་ཟད་གཤམ་དུ་སྦྱར་ཡིག་དེ་དག་འབྲི་མཁན་ང་ཚོ་གསུམ་ཡིན་ཞེས་རང་མིང་ཡང་གསལ་པོ་བྲིས་ཡོད།

ང་ཚོ་གསུམ་གྱིས་སྦྱར་ཡིག་དེ་དག་འབྲི་སྐབས་མི་གཞན་ལ་འབྲེལ་བ་མི་བྱེད་པ་དང་རང་རང་གི་མིང་གསལ་པོ་འབྲི་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཤང་དང་གྲོང་སྡེ་ཁག་ལ་ཡིག་ཆ་མང་པོ་ཞིག་འགྲེམ་སྤེལ་བྱས་སྐབས་རྒྱ་དམར་གཞུང་གིས་དགོན་པའི་ནང་གི་གྲྭ་བ་མང་པོ་ཞིག་ལ།  མ་ཉེས་ཁག་གཡོག་བྱས་ནས་རྡུང་རྡེབ་དང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་བར་བརྟེན་དེ་དག་མི་ཡོང་བའི་ཆེད་དུ་རང་རང་གི་འགན་རང་རང་གིས་ལེན་པ་ཞིག་ཡིན།

དེ་ནས་ངེད་གསུམ་སྦག་སྦག་གཉིས་བཞོན་ནས་རི་ལ་བྲོས་བྱོལ་དུ་ཕྱིན་པ་ཡིན། ཁ་ཟས་སོགས་ཉིན་བཅུ་འདངས་ངེས་ཁྱེར་ཡོད། ཉིན་གང་ཙམ་རྗེས་སུ་ང་ཚོས་སྦག་སྦག་བཞག་ནས་གྲྭ་ཆས་འཕུད་ནས་སྐྱ་ཆས་གྱོན་པ་ཡིན། དེ་ནས་ང་ཚོས་རྡ་ཐར་མ་སོགས་རུང་འབྲོག་ས་ཁུལ་མང་པོའི་ཤིང་ནགས་དང་བྲག་རི་སྤང་ཐང་སོགས་ལ་ཚོལ་བ་བསྐྱལ་ནས་བསྡད་པ་ཡིན། རྒྱ་མིས་གང་སར་ང་ཚོ་བརྩད་གཅོད་བྱེད་ཀྱིན་ཡོད་དུས།

དེ་འདྲའི་གནས་ཚུལ་འོག་ནང་ལ་མི་ལོག་རྒྱུ་ཐག་བཅོད་བྱས་པ་ཡིན། དེ་ནས་ང་ཚོ་ཉིན་མཚན་མང་པོའི་རིང༌། ངེས་མེད་རི་ལ་ཚོལ་བ་བསྐྱལ་ནས་བསྡད་པ་ཡིན། ང་ཚོའི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཡིན་པས་ང་ཚོ་མི་མེད་ལུང་སྟོང་ཞིག་གི་བྲག་ཕུག་ནང་དུ་མིས་མི་མཐོང་སར་ཟླ་བ་གཅིག་ཙམ་རིང་སྡོད་དགོས་བྱུང་སོང༌།

ང་ཚོ་གསུམ་ཤིང་ནགས་ནང་སྡོད་སྐབས་སུ་རྒྱ་དམར་གཞུང་གིས་ངེད་གསུམ་ག་ཡོད་བཤད་མཁན་དང་རྩིས་སྤྲོད་བྱེད་མཁན་ཡོད་ན་སྒོར་ ༢༠༠༠༠ རེ་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་ཡིག་ཆ་རྫོང་ཁག་མང་པོའི་ནང་ལ་བཀྲམ་པ་དང༌།  དེ་རྗེས་སུ་རྒྱ་དམར་གྱི་སྒོར་མོ་ ༥༠༠༠༠མང་རུ་བཏང་ནས་རྩིས་སྤྲོད་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་བྱས་འདུག ཡང་རྒྱ་དམར་གྱིས་མི་མང་པོ་བསྡུ་བསྐོང་བྱས་ནས་ང་ཚོ་ལ་རོགས་པ་བྱེད་མཁན་དང་འབྲེལ་བ་བྱེད་མཁན་བྱུང་ཚེ་མི་དེ་ལ་ལོ་ངོ་གསུམ་རིང་ལ་བཙོན་འཇུགས་བྱ་རྒྱུ་ཡིན་ཞེས་གསར་བསྒྲགས་ག་ས་ག་ལ་བྱས་ཡོད་པ་རེད།

དེ་རྗེས་སུ་རྒྱ་དམར་གྱིས་བཙན་བཀའ་བཏང་ནས། ང་ཚོའི་ཕ་མ་གསུམ་སྡེ་དགེ་རྫོང་ཐོག་ལ་ཡོང་དགོས་ཚུལ་བཤད་འདུག རྫོང་ཐོག་ལ་འབྱོར་དུས་ཁྱེད་རང་གསུམ་གྱིས་བུ་རྩིས་སྤྲོད་བྱེད་དགོས་གལ་ཏེ་རྩིས་སྤྲོད་མ་བྱས་ན་རྒྱ་སྒོར༥༠༠༠༠རེ་ངེས་པར་དུ་ཉེས་ཆད་སྤྲད་དགོས། ཁྱེད་ཚོ་སྒོར་མོ་མ་སྤྲད་ན་ཕྱིར་གཏོང་གི་མིན་ཟེར་ནས་འཇིགས་བྱས་འདུག  ང་ཚོའི་ཕ་མ་གསུམ་ཉིན་༢༠ ཙམ་བཀག་ཉར་བྱས་འདུག

དེའི་རིང་ལ་བློ་བཟང་ནོར་བུའི་ཨ་ཕ་ལ་ནད་གཞི་དྲག་པོ་ཞིག་ཕོག་ནས་ཤི་ལ་ཉེ་བའི་སྐབས་སུ་རྒྱ་དམར་གྱི་བཀག་ཉར་བྱེད་སར་ཤི་ན་ཁོ་ཚོའི་འགན་ཁྱེར་དགོས་ཀྱི་ཡོད་པས་རྐྱེན་གྱིས་ཕྱིར་བཏང་འདུག དེ་དང་མཉམ་དུ་ངའི་ཨ་མ་ཡང་ཕྱིར་ལོག་བྱས་འདུག ང་ཚོར་དེ་འདྲའི་འཇིགས་སྐྲག་དང་དཀའ་སྡུག་འོག་ནས།  ང་ཚོ་གསུམ་པོ་རྒྱ་གར་ལ་འགྲོ་རྒྱུའི་སྐད་ཆ་བྱུང་སོང༌། ང་རང་གསུམ་གྱིས་ཁྱོན་རྒྱ་སྒོར་  ༦༠༠༠༠ ཙམ་ཐབས་ཤེས་དང་འགྲོ་སོང་བཏང་ནས་ལྷ་ས་ནས་ཤར་གངས་ལ་བརྒྱུད་བལ་ཡུལ་དང༌། རྒྱ་གར་ལ་ཡོང་བ་ཞིག་ཡིན།

ལྷ་ས་ནས་བལ་ཡུལ་སྣེ་ལེན་ཁང་བར་དུ་ཉིན་༢༣འགོར་སོང༌།  བལ་ཡུལ་ནས་རྒྱ་གར་རྡ་རམ་ས་ལ་འབྱོར་སྐབས་ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་གསེར་ཞལ་མཇལ་བའི་གོ་སྐབས་བྱུང་སོང༌། ང་ཚོ་སེམས་པ་ཧ་ཅང་དགའ་པོ་བྱུང་བས་མ་ཚད། རྗེས་སུ་ང་ཚོ་གསུམ་པོར་དམིགས་གསལ་གཟིམ་ཆུང་མཇལ་ཁ་ཡང་ཐོབ་སོང༌།  གང་ཉིད་ཀྱིས་ཐུགས་བརྩེ་ཆེན་པོའི་ངང་ནས་ང་ཚོ་དང་མཉམ་དུ་སྐུ་དཔར་རྒྱབ་སོང༌། ང་ཚོའི་སེམས་ལ་དགའ་ཚོར་ཆེན་པོ་སླེབས་སོང༌། ང་ཚོས་བོད་རང་བཙན་དགོས་ཟེར་བའི་དམིགས་ཡུལ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་སྤུན་ཟླ་ཚང་མ་མཉམ་འཛོམས་ཡོང་བ་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་ཞབས་ཀྱི་པད་མོ་མྱུར་དུ་འཁོད་ཐུབ་པའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
དགེ་ཚོགས་སྨོན་ལམ་ཆེན་མོའི་ཚོགས་བརྡ་ཡིན་ན། ཕྱི་ལོ་ ༢༠༡༡ ཡིན་ངེས་ལས། ཕྱི་ལོ་ ༢༠༡༠ ལོའི་དགེ་ལུགས་སྨོན་ལམ་ཆེན་མོ་འཚོགས་ཟིན་པས་ཚོགས་བརྡ་གཏོང་དགོས་དོན་མེད་ལ། དེ་འདྲའི་ཚོགས་བརྡ་ཞིག་ཡང་བསྐྱར་ན་དགོས་པ་གང་ཞིག་ཡོད་དམ། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་རེད།
ཨ་རོ་་་་་་ཕལ་ཆེར་དགེ་ལུགས་སྨོན་ལམ་ཙོགས་བརྡའི་དུས་ཚིག་ནོར་བ་མིན་ནམ༢༠༡༠ཨེ་ཡིན་༢༠༡༡མིན་ནམ།
1 ༡༨༢༠༡༠༠༦༤༠
རང་སྲོག་རང་གིས་བསྐྱབས་ཐུབ་པ་ར་ཤིན་ཏུ་ལེགས། དེ་མིན་དེངས་སངས་རྒྱ་གཞུང་གིས་བོད་མི་ཆབ་སྲིད་པ་ཚོ་དམར་གསོད་བྱེད་པ་ལ་ཐེ་ཚོམ་ཙམ་ཡང་མི་འདུག་ལ་དེ་ལས་སྐྱོབ་ཐུབ་མཁན་ཞིག་འཛམ་གླིང་འདིའི་སྒང་ལ་མི་འདུག ཁྱེད་ཚོ་མ་ཤི་་གསོན་པོར་རང་དབང་ལུང་པར་བསླེབས་པར་མཚམས་་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཚོས་བོད་རང་བཙན་བསྒྲགས་པ་དེ་དུས་ནམ་ཡང་བོར་མི་ཉན། འདི་ནི་ཆབ་སྲིད་ཀྱི་གནད་འགག་ཤིན་ཏུ་ཆེན་པོ་ཞིག་ཡིན། ལྟ་བ་གཏན་པོར་འཛིན་དགོས།་ གཞན་གྱི་གཡོ་ཇུས་འོག་ལ་ཚུད་མི་ཉན།།



བརྗོད་གཞི་གཞན་ཁག་ལ་གཟིགས།