ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༣ཉིན། དེ་ཡང་མཉམ་མེད་དྭགས་པོ་ལྷ་རྗེའི་ཐུགས་སྲས་གྲུབ་ཐོབ་ཁམས་པ་མི་གསུམ་གྱི་ཡ་གྱལ། ཁམས་པ་དབུ་སེའམ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་བོད་མདོ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བར་རྗེས་དྲན་གྱི་མཛད་སྒོ་འདི་བཞིན་ལོ་ངོ་གཅིག་རིང་འཛམ་གླིང་རྒྱལ་ཁབ་དུ་མར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྲུང་བརྩི་ཞུ་རྒྱུའི་དབུ་འབྱེད་མཛད་སྒོ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ནས་ཉིན་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་བསྐྱངས་གནང་ཡོད་པ་རེད།

མཛད་སྒོ་ཉིན་དང་པོའི་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་རྡོར་གདན་ཡོངས་དགེ་གཏེར་སྒར་དགོན་གྱི་ཉེ་འགྲམ་དགུ་བརྒྱའི་དུས་དྲན་མཛད་སྒོའི་དབུ་གུར་ནང་ྋརྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཚོགས་མགོན་དུ་ཕེབས་པ་གནང་བ་དང༌། གཞན་ཡང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས། འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང༌། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ས་སྐྱ་ཁྲི་འཛིན་གོང་མ་རིན་པོ་ཆེའི་སྐུ་ཚབ། འབྲི་གུང་ཆེ་ཚང་རིན་པོ་ཆེའི་སྐུ་ཚབ། འབྲུག་ཁམས་སྤྲུལ་རིན་པོ་ཆེའི་སྐུ་ཚབ། རྒྱུད་སྟོད་མཁན་རིན་པོ་ཆེ། གཞན་ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་སྤྲུལ། མཁན་པོ། གྲྭ་ཚང་ཁག་གི་ཕྱག་མཛོད་སོགས་གནད་ཡོད་སྐུ་མགྲོན་ ༣༠༠ ཙམ་དང། རྒྱལ་ཕྱི་ནང་ནས་ཕེབས་པའི་སེར་སྐྱ་མི་གྲངས ༦༠༠༠ ལྷག་འཛོམས་ནས་དུང་རྒྱ་རོལ་མོ་འཕན་གདུགས་རྒྱལ་མཚན་སོགས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མདུན་བསུས་ཏེ་རྗེ་དུས་གསུམ་མཁྱེན་པའི་སྐུ་གསུང་བྱོན་མ་གདན་འདྲེན་ཞུས་རྗེས་ྋམཛད་སྒོའི་གཙོ་སྐྱོང་པ་ྋགོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཤིས་ཚིག་བརྗོད་ནས་ཚོགས་མི་ཡོངས་ལ་འཚམས་འདྲི་གནང༌།

དེ་རྗེས་ྋརྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་ཞལ་དབྱེ་དང༌། དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་ཁག་གཉིས་དབུ་འབྱེད་གནང་རྗེས་རྒྱ་གར་ལྷོ་ཕྱོགས་ནས་གདན་དྲངས་པའི་སྲོལ་རྒྱུན་རོལ་དབྱངས་དང་ལྷག་པར་དོ་ཧཱ་རྡོ་རྗེའི་མགུར་དབྱངས་ལ་བྱང་ཆུབ་པ་ཁག་ཅིག་གིས་དོ་ཧཱ་རྡོ་རྗེའི་མགུར་ལེགས་སྦྱར་གྱི་སྐད་ཐོག་ནས་གདངས་སུ་གྱེར།

དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་དང༌། ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་མཆོག་གིས་ས་སྐྱ་གོང་མ་རིན་པོ་ཆེའི་གསུང་འཕྲིན། རུམ་བཏེག་ཕྱག་མཛོད་ཀརྨ་ཅུང་རྒྱལ་པས་རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་ཀྱི་གསུང་འཕྲིན་བཅས་མཛད་སྒོ་འདིར་ཆེད་དུ་བསྩལ་བའི་གསུང་འཕྲིན་ཁག་སྙན་སྒྲོན་ཞུས།

དཔལ་ྋརྒྱལ་དབང་ཀརྨ་པ་མཆོག་གིས་དུས་དྲན་མཛད་སྒོ་འདི་བཞིན་ཚོགས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཅས་ཀྱི་བཀའ་སློབ་བསྩལ་དོན། ད་རེས་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་དང་སྦྲགས་ང་རང་ལྟ་བུར་མཚོན་ན་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ཏུ་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་ཀྱི་མཛད་སྒོ་འདི་བཞིན་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཇི་བསྐྱངས་རྣམས་གསལ་འདེབས་དང། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཞེས་དང། གཞན་ཡང་ད་ལྟའི་དུས་རབས་འདིར་ཚན་འཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས་གཞོན་སྐྱེས་མི་རབས་རྣམས་ཀྱི་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ་ནང་སེམས་ཀྱི་བདེ་བ་བསྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བ་བཅས་ཀྱིས་འདི་བཞིན་གོ་སྒྲིག་གནང་བ་ཡིན་སྐོར་གྱི་གསུང་བཤད་སྙིང་གི་བདུད་རྩི་ཅི་དགའ་རུ་བསྩལ་གནང་མཛད།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང། ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་གིས་གངས་རིའི་ལྗོངས་འདིར་མཛད་འཕྲིན་བསྐྱངས་བ་ཁག་ལ་སྒོ་གསུམ་གུས་པས་དྲིན་གཟོ་དང་མངོན་བསྟོད་ཞུ་བཞིན་ཡོད་པ་དང། བསྟན་པ་ཕྱི་དར་གྱི་ཉག་ཕྲའི་གནས་སྟངས་འོག་བོད་གངས་ཅན་གྱི་ལོ་རྒྱུས་འཕེལ་ཕྱོགས་དང༌། མི་རིགས་ཀྱི་ལས་དབང། རྒྱལ་བསྟན་དར་གུད་ཀྱི་སོ་མཚམས་སུ་ཕན་ནུས་རླབས་ཆེན་བསྐྱངས་བ། དེ་བཞིན་སྐུ་ཕྲེང་བཅུ་དྲུག་པ་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད། ཁྱད་པར་དུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་ནག་གི་དབང་བསྒྱུར་འོག་ནས་བཤོལ་ཕེབས་ཀྱིས། དེང་རྒྱ་གར་རང་དབང་ལུང་པའི་ནང་གསན་བསམ་སློབ་གཉེར་ལ་རྟག་འགྲུས་དབྱེར་མེད་ངོས། འཁོར་ལོ་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པར་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་སྨོན་དང་སྦྲགས། དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཡུན་གནས་སླད་སྙིང་སྟོབས་གོ་ཆ་བཙན་པར་བགོ་གནང་ཡོང་བའི་གསོལ་འདེབས་དང༌། གང་མྱུར་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཞབས་སོར་འགོད་རྒྱུའི་སྨོན་འདུན་བཅས་ཞུས་གནང་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན། ཐེངས་འདིའི་མཛད་སྒོ་འདི་ཉིད་ལོ་རྒྱུས་ཀྱི་བྱུང་རབས་ནང་དོན་སྙིང་ལྡན་པ་དང་མ་འོངས་པར་རྒྱལ་བསྟན་སྤྱི་དང་ཁྱད་པར་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་གནང་ཕྱོགས་སྐོར་ཚང་མས་ཐུགས་ལ་འཛིན་དགོས་པའི་གསལ་འདེབས་ཤིག་ཆགས་ཀྱི་ཡོད་ཚུལ་དང༌། གཞན་ཡང་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་གཙོ་བོ་ཁག་རེ་རེ་བཞིན་ངོ་སྤྲོད་དང་སྦྲགས་ང་ཚོ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད་པ་དང། བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་སུ་རྗེ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ནས་བསྟན་པ་སྟོབས་ཀྱིས་སྐྱོང་བའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ནས་ད་བར་མི་ལོ་ ༩༠༠ འགྲོ་གི་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་པ་དང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་ྋགོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད་ལ། ལྷག་པར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྣམ་གཉིས་ཕན་ཚུན་ཐུགས་སྣང་གཅིག་འདྲེས་ཀྱིས་རྒྱ་དཀར་ནག་སོགས་ཡུལ་གྲུ་དུ་མར་ལྷན་ཅིག་ཏུ་ཕེབས་པ།

བཙན་བྱོལ་དུའང་བོད་ཀྱི་བདེན་མཐའ་བསལ་ཐབས་ཆེད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་ཡོད་པས་མཚོན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་མང་པོ་བསྐྱོན་ཡོད་པ་དང་། ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཁོང་ལྟ་བུར་མཚོན་ན་ད་ལྟ་བར་དུ་སྐུ་ཕྲེང་བཅུ་དྲུག་བར་ཕེབས་པའི་མཛད་པ་ཚང་མ་བདག་གིར་བཞེས་ཐུབ་པའི་རེ་བ་དང་གོ་སྐབས་གཉིས་ཀ་ཡོད་པ་རེད། ཁོང་རྣམ་པའི་མཛད་འཕྲིན་རྒྱས་མིན་དེ་གདུལ་བྱའི་བསོད་ནམས་ཀྱི་དཔུང་པས་འཁྱོག་མིན་ལ་རག་ལུས་ཡོད་པས་གདུལ་བྱ་ཚུལ་རོལ་མཐོང་བ་རྣམས་བསོད་ནམས་མ་ཡིན་པའི་རྒྱུ་ཚོགས་འཕེལ་བའི་སྐབས་བསྟན་འཛིན་གྱི་སྐྱེས་ཆེན་ཚོར་དད་ལོག་དང་ཕན་ཚུན་ཐུགས་སྣང་མ་གཤིན་པའི་རྣམ་པ་མཐོང་བ་ལས་ཁོང་རྣམ་པ་ནི་ཐུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པ་ཤ་སྟག་ཡིན་དུས་ཚུར་མཐོང་གི་སྣང་ངོར་གྲུབ་པ་ནང་བཞིན་ཡོད་མི་སྲིད། དེས་ན་ང་ཚོ་བོད་གངས་ཅན་པའི་བསྟན་འཛིན་སྐྱེས་ཆེན་ཚོའི་མཛད་འཕྲིན་རྒྱས་པར་གདུལ་བྱ་རྣམས་ཀྱིས་བསོད་ནམས་གསོག་རྒྱུ་གལ་ཆེན་ཡིན་སྐོར་ཀྱང་གསུངས་སོང༌།

ལྷག་པར་ཁོང་སྐུ་སྒེར་གྱི་ངོས་ནས་ཀྱང་ཀརྨ་པར་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ནི་ང་ཚོའི་ལུང་པའི་མི་དེ་ཚོའི་ཁ་རྒྱུན་དུ་འཇགས་བསྡད་པ་ཞིག་ལ་གནད་དོན་གལ་ཆེན་ཞིག་གོ་བ་དང་མཐོང་བ་སོགས་ཀྱི་སྐབས། ལམ་སེང་ཨོའོ་ཀརྨ་པ་མཁྱེན་ཞེས་ཀུན་གྱིས་ངག་ནས་རང་བྱུང་གིས་ཐོན་བཞིན་པ་ཞིག་ཡོད། འདི་ནི་རྗེ་ཀརྨ་པཀ་ཤི་ཁ་བ་དཀར་པོའི་གནས་སུ་ཡུན་རིང་བཞུགས་པ་ལོ་རྒྱུས་སུ་གསལ་ཡོད་པ་དེའི་སྐབས་ནས་འདི་བཞིན་ང་ཚོའི་ལུང་པར་ངག་རྒྱུན་དུ་འཇགས་པ་ཞིག་ཡིན་ས་རེད། ཅེས་གསུངས། གཞན་ཡང་ད་རེས་ཁོང་མཛད་སྒོ་འདིར་ངོ་བཅར་ཐུབ་པ་དེ་ཆེས་སྐལ་པ་བཟང་པོ་ཞིག་བྱུང་ལ། ང་ད་ལྟ་བཀའ་ཁྲིའི་ལས་ཡུན་རྫོགས་མེད་སྟབས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཆགས་པ་རེད། ཅེས་སོགས་གསུངས་སོང༌།

དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་ཀརྨ་པ་དུས་གསུམ་མཁྱེན་པའི་བསྟོད་ཚོགས་དང་འབྲེལ་བའི་གླུ་གར་མཁའ་ཁྱབ་མ་ཞེས་པ་ཚོགས་ཞུགས་པ་ཡོངས་ལ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་ཐོག་མ་དེ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་གྱི་དགོང་མོ་ཆུ་ཚོད་ ༥།༣༠ ནས་ ༩།༣༠ བར་གཏེར་སྒར་འདུ་ཁང་ནང་རྒྱལ་དབང་ཀརྨ་པ་མཆོག་དང་ཡབ་སྲས་བླ་སྤྲུལ་རྣམ་པ། དགེ་སློང་ཕ་མ་རྣམ་པ། ལོ་གསུམ་ཕྱོགས་གསུམ་མཐར་སོན་གྱི་སེར་སྐྱ་ཕོ་མོ་རྣམས་ཀྱིས་དུས་མཁྱེན་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱ་ཆེ་བསྐོར་གནང་མཛད།

ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོའི་ཉིན་གཉིས་པ་སྟེ་ ༢༠༡༠ ཟླ་ ༡༢ ཚེས་ ༩ ཉིན་གྱི་ཞོགས་པ་གཏེར་སྒར་དགོན་གྱི་ཉེ་འདབས་གསུང་ཆོས་རྭ་བའི་དབུ་གུར་ནང་ཞོགས་པ་ཆུ་ཚོད་ ༥།༣༠ ནས་ ༩།༣༠ བར་རྒྱལ་དབང་ཀརྨ་པ་མཆོག་དང་ཡབ་སྲས་བླ་སྤྲུལ་རྣམ་པ། དགེ་འདུན་པ་སྟོང་ཕྲག་མང་པོ་དང་དེ་བཞིན་རང་གཞུང་གི་བཀའ་བློན་དང་སྤྱི་འཐུས། སྤྱི་ཟུར་ཁག་ཅིག་བཅས་སེར་སྐྱ་མང་པོ་འདུ་འཛོམས་ཀྱིས་བསང་གསོལ་རྒྱས་འབུལ་དབུ་འཛུགས་སྐབས་རྒྱལ་དབང་མཆོག་ནས་བཀའ་སྩལ་དོན་དུ༌། དེ་རིང་གསུང་ཚོགས་ཀྱི་ཡི་དམ་གཙོ་བོ་མ་ཧྭ་ཀ་ལ་ཡིན་ཅིང༌། མ་ཧྭ་ཀ་ལའི་ལོ་རྒྱུས་རྒྱབ་ལྗོངས་སུ་དཔྱད་སྐབས་དེ་ཉིད་ཐོག་མ་ནས་ཀཾ་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་ལྷ་ཞིག་ཡིན་པས། དགུ་བརྒྱའི་དུས་དྲན་ལ་མགོན་པོ་དང་འབྲེལ་བའི་མཛད་རིམ་གོ་སྒྲིག་བྱ་རྒྱུ་འདི་བཞིན་ཡི་དམ་མགོན་པོའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཕྱིར་ཡིན་ཚུལ་གསུངས་པ་དང་།

གཞན་ཡང་ཚོགས་ཕེབས་པའི་འདུས་པ་ཡོངས་ལ། རྒྱལ་དབང་མཆོག་གིས་རེ་སྐུལ་གནང་དོན། དགེ་འདུན་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང༌། ལྷག་པར་བླ་སློབ་དབར་ཐུགས་མཐུན་དམ་གཙང་ཡོང་དགོས་པ་ཤིན་ཏུ་གནད་ཆེ་བ་དང༌། བསྟན་པ་འཛིན་པའི་བླ་མ་ཡང་མིང་དང་དགོན་པ་ཆེན་པོ་ཡོད་པ་ཙམ་གྱིས་ཆེན་པོ་དང་ལུང་རྟོགས་ཀྱིས་ཡོན་ཏན་མི་འབྱུང་བར་བློ་ཆོས་སུ་སོང་ཞིང་རང་སེམས་ཞི་དུལ་བག་ཡོད་བྱ་རྒྱུ་གལ་ཆེ་བ་དང༌། ཁྱད་པར་རང་རེ་བཀའ་བརྒྱུད་པ་རྣམས་སྒྲུབ་བརྒྱུད་ཉམས་ལེན་པའི་བརྒྱུད་པ་ཡིན་སྟབས། བློ་ཆོས་དང་མཐུན་ཞིང་རྒྱུན་དུ་ཀུན་སློང་བཟང་པོའི་ལག་ལེན་བྱ་རྒྱུ་ཤིན་ཏུ་གཅེས་ཤིང༌། ལག་ཏུ་དཔེ་ཆ་མེད་ཀྱང་གཙོ་བོ་ཀུན་སློང་བཟང་པོ་ཞིག་མཆིས་ཚེ་དེ་གས་ཆོག་པས་དེ་དོན་ཡོང་ཐབས་ལ་སྙིང་ནས་འབད་དགོས་པ་དང༌། སྙིགས་བདོའི་དུས་མཐའ་འདི་ཉིད་ལ་གཙོ་བོ་ངེས་འབྱུང་གི་སྐྱོ་ཤས་དྲག་པོ་དགོས་རྒྱུ་ཧ་ཅང་གལ་འགངས་ཆེ་བ་དང༌། རང་རེ་རྣམས་སྤྱིར་ལྔ་བརྒྱའི་དུས་མཐར་སྐྱེས་པ་ཞིག་ཡིན་ཀྱང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་བཞུགས་ཡོད་པ་དང༌། སྒྲུབ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ལྟ་བུ་དང་མཇལ་དུ་ཡོད་པ་འདི་སྐལ་པ་དང་ལྡན་པ་ཞིག་ཀྱང་ཡིན་པས་རིང་ལུགས་འདི་བཞིན་རྟག་ཏུ་གཅེས་འཛིན་གྱིས་མུ་མཐུད་རྒྱལ་བསྟན་ཡུན་དུ་གནས་ཐབས་ལ་ཀུན་གྱིས་འབད་དགོས་ཞེས་བཀའ་བསྩལ་གནང་མཛད།

ཉིན་རྒྱབ་རྡོ་རྗེ་གདན་དང་མི་རིང་བའི་སར་རྒྱ་གར་གྲུབ་ཆེན་ཤྭ་ཝ་རི་པར་ཡེ་ཤེས་ཀྱི་མགོན་པོས་ཞལ་དངོས་སུ་གཟིགས་པའི་གནས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཞེས་ཡོངས་སུ་གྲགས་པ་དེར་རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་ཆེ་ཁག་དུ་མ་དང། དགེ་འདུན་བརྒྱ་ཕྲག་གཉིས་ལྷག གཞན་ཡང་དད་སྦྱིན་དུ་མ་གདན་འཛོམས་ཀྱིས་དཔལ་ལྡན་མགོན་པའི་ཚོགས་མཆོད་དང་བསྐང་གསོ་བཅས་གསུང་གནང་མཛད་པ་དང། གཏེར་སྒར་དགོན་གྱི་འདུ་ཁང་དུ་སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་དུས་མཁྱེན་བླ་སྒྲུབ་དང་འབྲེལ་བའི་ཚོགས་མཆོད་རྒྱས་པ་ཞིག་ཚོགས་ནས་དགེ་འདུན་པ་ ༥༠༠ ལྷག་ཚོགས་ཕེབས་གནང་ཡོད་པ་བཅས་ཀྱིས་དགུ་བརྒྱའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༡༠ ནས་ཉིན་གསུམ་རིང་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་གནང་བ་དང། ཕྱི་ཚེས་ ༡༥ བདུན་ཕྲག་གཅིག་ལྷག་རིང་བཀའ་བརྒྱུད་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ ༢༨ པ་འཚོགས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།

བསྟན་པ་ཡར་འཕེལ་གྱིས་མཁོ་སྤྲོད་གནང་བ་ལ་སྣོན་འཕྲི་ཁ་ཤས་དང་བཅས་སྨོན་ལམ་མཐར་ཕྱིན་པས་ཕུལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (22)
བསྟན་འཛིན་དབང་རྒྱལ་ཁོ་རེ། བཀའ་བརྒྱད་དྲོད་ཆིང་ཆིང་ཟེར་བའིི་གོ་དོན་གསལ་པོ་དགོས་ཀྱི་འདུག ད་དུང་མང་པོ་འདུག ཙིག་ལ་རྣོ་མེད་ཀྱང་སྙིང་ཁ་དུམ་བུར་གཏང་ཟེར་བ་གོ་ཨེ་མྱོང།
21 ༢༨༢༠༡༠༡༤༤༥
དོགས་པ་འདུག མི་དེ་ཆོས་ལུགས་གང་ཡིན་མིན་དང་གང་གི་ཁུངས་སུ་སྤྱི་འཐུས་བྱེད་ཆོག་མིན་ལ་དབུས་འོས་བསྡུ་ལྷན་ཁང་ནས་བརྟགས་དཔྱད་དང་བཀའ་ཁྲོད་སོགས་མི་དགོས་པར་དེ་ལས་ལྡོག་ཏེ། ཁྱོད་གང་གི་ཁུངས་སུ་འགྲོ་གི་ཡིན་མིན་སྐད་ཆ་བྲིས་པ་དེ་ནོར་འཁྲུལ་ཆེན་པོ་མཐོང་སོང། སོ་སོ་རང་ཉིད་ཆོས་ལུགས་གང་ཡིན་མིན་དང་ལྷག་པར་དུ་ཀརྨ་ཆོས་འཕེལ་སོགས་ཀྱི་གནས་སྟངས་ལ་ཞིག་ན་བོད་གཞུང་དབུས་འོས་བསྡུའི་ཡིག་ཆ་རྙིང་པས་ཤེས་དགོས་ངེས་རེད། ཁོ་པ་བོད་མི་མང་དབུས་གཙང་སྤྱི་འཐུས་ཀྱི་མིང་ཐོགས་ནས་ལོ་མང་ར་ཟི་ཆང་རིན་ལེན་ནས་བསྡད་ཡོད་རེད། ད་ཆ་དགེ་ལུགས་དང་བཀའ་བརྒྱུད་གཉིས་ལས་བཀའ་བརྒྱད་ཀྱི་ཆང་དེ་ཞིམ་པར་བརྩིས་ཏེ་བཀའ་རྒྱད་པའི་ཞབས་ལ་ཐག་པ་ནག་པོ་ཞིག་རྒྱབ་ཀྱི་འདུག བཀའ་བརྒྱད་དྲོད་ཆིང་ཆིང་བཟོ་རྒྱུའི་ཉི་མ་འགུག་བསྡད་ཡོད་ཀྱི་རེད། ཞབས་འདྲེན་པ་ཀརྨ་ཆོས་འཕེལ་ལ་སྔོན་འགྲོའི་འོས་གཞིར་འོས་བླུགས་ཚོ་ཡང་ཞབས་འདྲེན་པ་ཡིན་པ་ཤེས་དགོས། དགོད་བྲོ་བའི་ངང་ཡི་གེ་ཀློག་ནས་མ་ཞག་པར་སོ་སོས་ཁ་ལ་བླུགས་ཡོད་མེད་བསམ་བློ་གཏོང་དགོས། གལ་སྲིད་བླུགས་ཡོད་ན་བཀའ་བརྒྱུད་པའི་༸གོང་མ་རྣམས་ཀྱི་ཞབས་ལ་ཐག་པ་དང་པོ་དེ་རྒྱབ་མཁན་གྱི་གྲལ་ལ་སླེབས་པ་ཤེས་དགོས། ཀརྨ་ཆོས་འཕེལ་བཀའ་བརྒྱུད་ཀྱི་སྤྱི་འཐུས་སུ་ཐོབ་ན་ཁོས་བཀའ་བརྒྱུད་པ་སེམས་གཏིང་ནས་བརྗེད་མི་དགོས་པ་ལེགས་སྐྱེས་ཞིག་དང་ལོ་རྒྲུས་ཀྱི་ནག་ཐིག་ཞིག་རྒྱབ་རྒྱུ་ཡིན་པ་ངེས་ཟིན། དེ་སྔ་དབུས་གཙང་སྤྱི་འཐུས་ཡིན་དུས་བོད་གཞུང་ག་རེ་བྱེད་རྒྱུ་འདུག་ངས་བལྟས་ཆོག་ཟེར་དུས་རྗེས་མ་གང་དང་གང་བཤད་མིན་ལ་བསམ་བློ་གཏོང་དགོས། ད་ལྟ་བོད་གཞུང་ལ་དེ་ཙམ་གྱི་ཚིག་ངན་བེད་སྤྱོད་བྱེད་དུས་བཀའ་བརྒྱུད་ཁོས་གང་གི་མཐོང་ཞིག་བྱེད། མ་གཞི་ད་ལྟ་བཀའ་བརྒྱུད་པའི་བླ་མ་མང་པོ་ཡོད་ཀྱང་ཆེ་བཞི་ཆུང་བརྒྱད་ཚང་མས་དགོངས་ཕྱོགས་གཅིག་པ་མིན་སྟབས་སྐུ་འཚེགས་ཆེན་པོ་ཡོད་པ་རེད། དེ་བས་ཆབ་སྲིད་ཐད་བཀའ་ཚེགས་མང་བ་ཡོད་པ་གསལ་པོ་རེད། ཆོས་ལུགས་ནང་གི་བཀའ་རྙོག་གསར་པ་ཞིག་བཟོ་མ་སྲིད་པ་མིན། གཞུང་དང་ཁ་སྟད་བཟོ་མི་སྲིད་པ་མིན། ཀརྨ་ཆོས་འཕེལ་ནི་མི་ར་ཟི་བ་ཞིག་ལས་གཞན་གང་གི་ངོས་འཛིན་མེད་པས་
སྤྱི་ཚོགས་ནང་དོན་མེད་ཀྱི་ལས་བསགས་པར་ཐེ་ཚོམ་སྤུ་ཙམ་མེད། ཁ་ནས་སྐད་ཆ་བཤད་དུས་དང་ནང་བསམ་པའི་འགྲོ་ལམ་ཏག་ཏག་ཞིག་མེད། གོ་ཐོས་ལ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་ཇུས་བཀོད་བྱས་ཡོད་གསོལ་འདུག་དེ་འདྲ་ཡིན་ན་ཧང་བསངས་དགོས་པའི་གནས་དོན་མ་རེད་དམ།
20 ༢༨༢༠༡༠༡༤༡༦
དབྱངས་ཅན་རོལ་པའི་འོ་མཚོ།
ཀརྨ་ཆོས་འཕེལ་ལྟ་བུ་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་འདི་བཙན་བྱོལ་སྲིད་གཞུང་གིཕྱི་ལོག་ནམ་ཡང་ཕུད་མི་ཉན། དེ་རྟེན་བཀའ་བརྒྱུད་ཚང་གི་གནང་སྟངས་ཏག་ཏག་གནས་ལ་ཁེལ་ཡོད།
ཐུགས་རྗེ་ཆེ་ཞིབ་ཚགས་ངང་བཀའ་སློབ་གནང་བར་ང་ཚོ་ད་ལྟ་གྲོས་བསྡུར་བྱེད་བཞིན་ཡོད། དགོངས་དག་བཀའ་དྲི་ཞིག་ཞུ་རྒྱུ་ཡིན་བོད་ཡིག་དེ་བྲིས་དུས་ཡི་གེ་ཧ་ཅང་ཆུང་ཆུང་མཐོང་གི་འདུག་དེ་ལ་ལན་དང་སློབ་ཁྲིད་གནང་སྐྱོང་འཚལ།
ཀརྨ་ཡེ་ཤེས་ཟེར་བའི་མི་དེས་སྐད་ཆ་དྲང་པོ་བཤད་སོང་ཐུགས་རྗེ་ཆེ། ད་ལྟ་དུས་ཚོད་དང་གནས་ལུགས་གང་གི་ཆ་ནས་བསམ་བློ་གཏོང་རིན་ཡོད་པའི་ཤ་ཚའི་སྐད་ཆ་རེད། ཀརྨ་ཆོས་འཕེལ་ནི་དོན་དངོས་ཐོག་ཕན་མེད་ཟོག་རོ། ཤེས་ཡོན་ཆུ་ཚད་ཡོད་ཀྱང་ལྷག་བསམ་མེད་པ་དང་གཞུང་གི་རྐུབ་སྟེགས་དང་ཆང་རག་གི་སྨྱོ་བའི་མི་ཞིག་བཀའ་བརྒྱུད་པའི་སྤྱི་འཐུས་གང་ནས་འོས་སྲིད། ད་བར་མི་ངན་དེ་དག་གི་གཡོ་འོག་ཏུ་མི་མང་པོ་ཚུད་ཡོད་ཀྱང་ཆོས་ལུགས་ཀྱི་སློབ་གསོ་ཐོབ་པའི་དགེ་འདུན་པ། དེ་ཚེ་དམིགས་གསལ་གྱི་དཔྱད་པ་བྱེད་གཏང་སོགས་ལ་སློབ་སྦྱོང་གནང་བའི་སྦྱངས་འབྲས་དེ་ལས་བཟང་ཙམ་ཞིག་གཏོན་མ་ཐུབ་ན་སྐྱོ། ཡིད་རེ་སྐྱོ། ཕམ་བློ་ཡང་ཕམ། གལ་སྲིད་མི་མང་གི་བཀའ་བརྒྱུད་པའི་སྤྱི་འཐུས་ལ་དོ་སྣང་བྱེད་དགོས་ཀྱི་ཡོད་ན་ཐབས་ལམ་དེ་མ་རེད། ཡང་གཞན་གྱི་ལོག་པའི་ལམ་སྟོན་ཡོད་ན་བློ་ཁ་ནང་དུ་ཕྱོགས་དགོས། ཟང་ཟང་གི་སྤྱི་ཚོགས་ནི་ནམ་ཡང་ཡར་རྒྱས་དང་འཕེལ་རྒྱས་མེད་པའི་ངང་གནས་རྒྱུ་དང་སྟབས་སྔུག་ན་ཡང་རྗེས་ལུས་ཀྱི་གནས་ནས་མར་འགྲོ་རྒྱུ་དེ་རེད། བསམ་ཚུད་བྲིས་པའི་ནུས་པ་མེད་སྤྱི་ཚོགས་ནང་གནོད་སྐྱོན་ལ་དོགས་སྟེ་མ་བྲིས་སོ།།
ཡ་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་རིང་ལུགས་འཛིན་མཁན་འབྲི་སྟག་ཚལ་སོགས་ཆེ་བཞི་ཆུང་བརྒྱད་ཀྱི་བསྟན་པ་འཛིན་པའི་བླ་ཆེན་རྣམ་པ་དང་། དེ་ཡི་ལས་ཀྱི་སྣེ་མོར་གཏོགས་པའི་བཀའ་བརྒྱུད་པའི་སྐྱེ་བོ་དྲག་ཞན་མཐོ་དམན་ཀུན་གྱི་སྙན་ལམ་དུ་ཞུ་རྒྱུར།
དེང་སང་ཐོས་བཞིན་པའི་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀྱི་འོས་ཀྱི་འགྲན་རྩོད་དེ་ཉི་མ་རེ་རེ་བཞིན་གསར་འགྱུར་སོགས་བརྒྱུད་ལམ་ཁག་ནས་གནས་ཚུལ་འདྲ་མིན་ཐོས་པའི་ནང་ནས། ཚང་མས་མཁྱེན་གསལ་བཞིན་དུ་ཆོལ་ཁ་དང་ཆོས་ལུགས་ལ་སྐབས་འཚོལ་རིང་ལུགས་ཀྱི་གོ་སྐབས་ཟིན་ནས་དཀྲུགས་ཤིང་གི་གཏེ་བོ། རྡ་རམ་ས་ནས་ལྟས་ངན་འུག་པ་ཉིན་ལ་བུད་པ་ནང་བཞིན་དེང་སང་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་འགྲོ་སའི་ཁུངས་མེད་ཅིང་བསྡད་སའི་གནས་མེད་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་འདི་བཀའ་བརྒྱུད་པའི་སྤྱི་འཐུས་སུ་ལངས་བའི་སྐད་ངན་གོ་རྒྱུ་ཡོད་པ་མ་ཟད། ད་ལོར་དཔལ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་འཁོར་དགུ་བརྒྱའི་དུས་ཆེན་གྱི་མཛད་སྒོར་སྐུ་མགྲོན་དུ་བླ་ཆེན་རྣམ་པའི་གྲལ་ནས་ཀརྨ་ཆོས་འཕེལ་ཡང་མཐོང་རྒྱུར་འདུག་དེ་ལ་བལྟས་ན། མི་ངན་འདིས་ཡང་ལྷ་ལུང་ནང་ལ་འདྲེ་ལག་བརྐྱངས་ནས་རྒྱལ་དབང་ཀརྨ་པ་མཆོག་དང་བརྡ་སའི་བཙན་བྱོལ་བོད་གཞུང་བར་ཡར་སོས་དུས་མེད་པའི་རྙོག་དྲ་ཞིག་བཟོ་ངེས་རེད།
ལར་ནས་མི་འདི་ལ་བཀའ་ཚང་སོགས་བཀའ་བརྒྱུད་པའི་སུ་ཡིས་རྒྱབ་རྩ་བྱེད་ཀྱི་ཡོད་རེད།
ངོས་ནས་བསམ་ན་བཀའ་བརྒྱུད་པ་ལ་མི་ཟད་ཐབས་སྡུག་འདི་འདྲ་ཞིག་བྱུང་ཨི་ཡོད་ན་བསམ། རང་གིས་ཤེས་ས་རུ་བཀའ་བརྒྱུད་པའི་སྤྱི་འཐུས་སུ་ཀརྨ་ཆོས་འཕེལ་ལས་ལྷག་པ་མང་པོ་མཐོང་གི་འདུག།
ད་རེས་བཀའ་བརྒྱུད་པས་ཀརྨ་ཆོས་འཕེལ་སྤྱི་འཐུས་སུ་གདམས་ན་དཀོན་མཆོག་དཔང་དུ་བཙུགས་ནས་ངས་གནའ་བཀྱལ་ཆོག མི་དེས་ཡང་ཆོལ་ཁ་དང་ཆོས་ལུགས་བར་ལ་རྙོག་དྲ་ཆེན་པོ་བཟོ་གི་རེད།
ཁོང་རང་ཚོའི་རིགས་དེ་ག་དུས་ཡིན་ནའང་ཁ་ནས་བོད་ཀྱི་བསྟན་སྲིད་དང་ལྷག་བསམ་ཁུར་ནས་དོན་དུ་སོ་སོའི་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་རྙོག་དྲྭ་བཟོ་མཁན་རྐྱང་རྐྱང་རེད།
གཟབ་གཟབ་གྱིས།
ངས་ལྷག་བསམ་ཁོ་ན་ལས་ཀརྨ་ཆོས་འཕེལ་དང་ངོས་གཉིས་སྒེར་གྱི་བར་ལ་འཁོན་འགྲས་གཏན་ནས་མེད།
16 ༢༦༢༠༡༠༡༤༤༨
རིན་ཆེན་མི་ལ་ཁྲི་ཀོར། འདོ་བ་རྟ་ལ་སྟོང་ཀོར།
ཀརྨ་ཆོས་འཕེལ་ཟེར་བའི་མི་དེས་སྤྱི་ཚོགས་ནང་ཕུ་མདའ་དཀྲུག་པའི་གནས་ཚུལ་ནི་དེ་སྔོན་ཁོ་པས་གྲོས་ཚོགས་ནང་སྐད་ཆ་གཅིག་གི་གསལ་ཤེས་ཐུབ་ཡོད། མདོ་སྟོད་མི་མང་ནས་བསོད་ནམས་སྟོབས་རྒྱལ་སླར་ཡང་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་བླུགས་དགོས་པའི་གཏམ་བཤད་དེ་དང་དེའི་རྗེས་ཀྱི་ཚིགས་བརྗོད་དེ་དག་དངོས་སུ་བྲིས་འདོད་མི་འདུག ཀུན་གྱི་མཁྱེན་ཟིན་པའི་གནས་ཚུལ་ཞིག་རེད། ད་ཆ་དགེ་ལུགས་དང་བཀའ་རྒྱུད་གཉིས་ལས་བཀའ་རྒྱུད་ཀྱི་འོས་མིའི་ཁུངས་སུ་འགྲོ་དགོས་དོན་ལ་རྒྱུ་མཚན་དང་དགེ་ལུགས་ལ་མ་སྡད་པའི་ཀླན་ཀ་གཉིས་ལ་དབྱེ་ཞིན་བྱས་ནས་བཀའ་རྒྱུད་ཀྱི་ཁུངས་སུ་འཆོམ་ཡོད། ཡིནའང་མ་འོང་པར་བཀའ་རྒྱུད་ཀྱི་མི་མང་འམ་དགེ་འདུན་པ་དེ་དག་བློ་འཕམ་ཆེན་པོ་ཞིག་ཁོའི་ལས་ངན་གྱི་ལས་ཤུགས་ཀྱི་བཟོ་རྒྱུ་ཡིན་པ་ངེས་ཟིན། ད་ཆ་བཀའ་རྒྱུད་པའི་འོས་གཞིའི་ནང་སྟོན་མཁན་དང་འོས་ཤོག་བླུགས་མཁན་གྱི་བསམ་བློ་ནན་ཏན་གཏང་མེད་པའི་རྟགས་མཚན་གསལ་པོ་ཞིག་ཡོད། རྙོག་ཕྲ་དགོས་ཀྱི་ཡོད་ན་མུ་མཐུད་ནས་ཉར་དགོས་བྱེ་ཏེ་ཀརྨ་ཆོས་འཕེལ་ཉར་དགོས་མ་གཏོགས་གཞན་དགོས་མེད་ཀྱི་འོས་འཕྲོག་རླག་ཏུ་མི་འགྲོ་བ་འབད་དགོས།
ཀརྨ་ཅོས་འཕེལ་ད་ལྟར་དབུས་གཙང་གི་སྤྱི་འཐུས་སུ་ལངས་པ་རེད། ད་བར་རྙོག་དྲ་དང་ལག་གླེང་གཅིག་མཇུག་གཉིས་མཐུད་ཀྱིས་ནག་ཉེས་རིམ་པར་བཞག་ཡོད་པས། དབུས་གཙང་མི་དམངས་ནས་ཐལ་དོང་དུ་གཡུགས་ཟིན་པའི་སྤྱི་འཐུས་ཀྱི་ཐ་ཤལ་ཞིག་རེད། ད་ནི་ཀརྨ་ཆོས་འཕེལ་བྱ་ཐབས་ཟད་དེ་བཀའ་བློན་ཁྲི་པའི་འོས་མིར་ལངས་སོང་། བཀའ་བློན་ཁྲི་པའི་འོས་ཤོག་ལས་ཕམ་ཉེས་ཤུགས་ཆེ་བྱུང་བས། ད་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་ལངས་འདུག ད་འོ་ན་དེ་ཡང་ཀརྨ་ཆོས་འཕེལ་དགེ་ལུགས་ཀྱི་སྤྱི་འཐུས་དང་། བཀའ་བརྒྱུད་ཀྱི་སྤྱི་འཐུས་གཉིས་ཀར་ལངས་འདུག ད་འོ་ན་ཡང་སྙིང་ཀརྨ་ཆོས་འཕེལ་དགེ་ལུགས་པ་རེད་དམ། བཀའ་བརྒྱུད་པ་རེད། དེ་སྔོན་སྐྱ་བོ་དག་གིས་དགེ་བཙུན་རྣམས་ལ་ཆོལ་ཁའི་སྤྱི་འཐུས་དང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་བཅས་འོས་འཕེན་གཉིས་ཀྱི་ཐོབ་ཐང་འཕར་མ་འདུག་ཅེས་མི་འདོད་པའི་ལབ་གླེང་སྣ་ཚོགས་བྱས་ཡོད། ད་འོ་ན་ཀརྨ་ཆོས་འཕེལ་ཆོལ་ཁའི་སྤྱི་འཐུས་སུ་ལངས་པས་མ་ཚད། ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་ལངས་ཡོད། ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་ལངས་པས་མ་ཚད་དགེ་ལུགས་དང་བཀའ་བརྒྱུད་གཉིས་ཀར་ལངས་ཡོད། འོ་ན་སྐྱ་བོ་དག་ལ་ཐོབ་ཐང་གཉིས་བརྩེགས་ལས་ལྷག་པ་གསུམ་བརྩེགས་འདུག་པ་འདི་ཇི་ལྟར་ཡིན་ནམ། དངོས་གནས་བྱས་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡིན་ཚེ་མིང་གི་ཆ་ནས་རབ་བྱུང་བ་ཞིག་ངེས་པར་ཡིན་དགོས་པ་མ་ཡིན་ནམ། སྔ་ཕྱི་གང་སར་ཚང་མས་ཐུགས་བསམ་ཞིག་བཞེས་དང་།
ལྷག་པར་ད་རེས། དབུས་གཙང་ཆོལ་ཁས་སེམས་ཐག་རྦད་བཅད་ཀྱིས་གཡུག་ཡོང་དུས། ཆོས་རྒྱུད་ཅིག་གིས་བདག་པོ་རྒྱག་གི་ཡོད་རེད། བདག་པོ་རྒྱག་པའི་རྒྱབ་ལྗོངས་དེ་ཕ་ཡུལ་གྱི་ཞེན་ཁོག་རེད། ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱི་འཐུས་ཆགས་ན། མིང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡིན་ཡང་། དོན་དག་མདོ་སྟོད་ཀྱི་སྤྱི་འཐུས་མ་བྱས་རང་བྱས་རེད། དེའི་ཐོག་དབུས་གཙང་གིས་གཡུག་པའི་ན་ཚ་དང་། སྤེན་པ་ཚེ་རིང་དང་འགྲན་རྩོད་ཀྱི་ན་ཚ་སོགས་ན་ཚ་མང་བོ་ཞིག་ཡོད་རེད། ན་ཚ་དེ་ཚོ་བཀའ་བརྒྱུད་སྤྱི་འཐུས་ཀྱི་མིང་ཐོག་ནས་བཏོན་ཡོང་གི་རེད། དེ་ལ་ཡ་ལན་འཇལ་ན། མདོ་སྟོད་དང་བཀའ་རྒྱུད་གཉིས་ཀ་ལ་ཕོག་འགྲོ་གི་རེད། འདི་ཉེན་ཁ་ཆེན་པོ་རེད། བཀའ་བརྒྱུད་ལ་མི་ཟད་ཐེབས་ནི་མེད། གཞན་ཞིག་བདམས་བཞག་ན་ག་རེ་འདུག
12 ༡༥༢༠༡༠༡༠༡༨
ཀརྨ་ཆོས་འཕེལ་ལ་ཤེས་ཡོན་ཡོད་པ་ངས་ཁས་ལེན། ཁ་རྩལ་ཡོད་པའང་ངས་ཤེས། ཉི་ཧོང་ནས་ཁོང་དང་སྐར་མ་ཁ་ཤས་ཀྱང་ཐུག་མྱོང་། འོན་ཀྱང་། ཁོང་གི་ལོ་རྒྱུས་ལ་ལེགས་པར་གཟིགས་དང་། སློབ་སྤྱི་དང་གཞོན་ནུའི་རྒྱུན་ལས། མང་གཙོ་ཚོགས་པའི་ཚོགས་གཙོ། སྤྱི་འཐུས་ཚོགས་གཙོ་སོགས་བོད་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པའི་ལས་གནས་ཧ་ཅང་མང་བོ་ཐོབ་ཡོད་ཀྱང་། རྙོག་དྲ་མ་བཟོས་པ་གཅིག་ཀྱང་མཐོང་རྒྱུ་མེད་པ་འདི་ཅི་རེད།
11 ༡༥༢༠༡༠༡༠༡༧
བསྟན་འཛིན་དབང་རྒྱལ་ལགས། མི་ཚང་མ་དགའ་ཐུབ་པ་དང་མོས་མཐུན་བྱེད་ཐུབ་པའི་རྩོམ་ཞིག་ངས་ནམ་ཡང་འབྲི་ཐུབ་ཀི་མ་རེད་ལ། ཁྱེད་རང་གིས་ཀྱང་འབྲི་ཐུབ་ཀི་མ་རེད། འདི་ལ་གནད་དོན་ཞིག་ཡོད་པ་བདེན་པ་རེད། བདེན་པ་དེ་གླེང་ཕོད་པ་དེ་ངའི་ཁྱད་ཆོས་ཡིན།
གདོང་དེབ་ནང་གསལཡོད།
10 ༡༥༢༠༡༠༡༠༡༦
དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་ཞེས་བཤད་པ་དེ་ངས་ནོར་འཁྲུལ་རེད་ཅེས་རྩ་བ་ནས་བྲིས་མེད། དབུས་གཙང་མི་མང་གི་ནང་ནས་དེ་ལ་བསྐྱར་ཞིབ་དགོས་པའི་བསམ་ཚུལ་ཡོད་མ་རེད། ཀརྨ་ཆོས་འཕེལ་གྱིས་དེ་བཤད་པ་རེད། དེས་གྲོས་ཚོགས་ནང་རྙོག་དྲ་ཆགས་པ་རེད། མདོར་ན་ངས་རྙོག་དྲ་ཞེས་བྲིས་ཡོད།
ངོ་དེབ་ལས་ལེན།
ཁང་གསར་ལགས།
ཁྱོད་ཀྱིས་ངོ་དེབ་སྟེང་ཟིན་བྲིས་སྤེལ་འགོ་བཙུགས་པར་དགའ་བསུ་ཞུ། ཟིན་བྲིས་ཐུང་ཐུང་འདི་མ་ཀློག་གོང་ནས་མཆན་ཞིག་འགོད་པར་བྲེལ་ཤ་ལངས་བཞིན་ཀློག་མོད་ཕལ་ཆེར་ངས་བཤད་འདོད་པ་ཚང་མ་ཁྱོད་ཀྱིས་བཤད་འདུག་པས་སྐད་ཆ་གསར་བ་ཁ་སྣོན་བྱེད་རྒྱུ་ཞིག་རེགས་མ་སོང། གང་ལྟར་ད་དུང་་ང་ཚོའི་གཉོམ་ལག་ཡོངས་སུ་མ་རྒྱས་བའི་དམངས་གཙོའི་གཞུང་དང་སྐྱབས་བཅོལ་བའི་མིང་བྱང་འོག་འདི་འདྲའི་ཟློས་གར་མཐོང་ན་ངོ་མ་རེ་ཐག་ཆད་བྱེད་ཅིག་རེད། ལྷག་པར་དུ་ཐེངས་འདིར་ཀརྨ་ཆོས་འཕེལ་ཆོས་བརྒྱུད་སྤྱི་འཐུས་ནང་འཛུལ་ནས་བཀའ་བརྒྱུད་པའི་རྔ་མར་འབྱར་བ་འདི་ངོ་མ་ཡ་མཚན་རེད། ཆོས་འདུལ་བ་ཚུལ་བཞིན་སྲུང་མཁན་གྱི་བཙུན་པ་རྣམ་དག་རྣམས་ཕུད། ད་ང་གྲ་རྒན་འདིའི་གྲས་མཐོང་ན་རྣམ་རྟོགས་སྐྱེས་ཡོང་གིན་འདུག
གདོང་དེབ་ལས་ལེན།
8 ༡༥༢༠༡༠༡༠༠༨
གང་ལྟར་ཀརྨ་ཆོས་འཕེལ་ནི་བོད་ཀྱི་སྤྱིས་འཐུས་ད་ལྟར་གངས་ཅན་སྐྱིད་ཤོད་ལ་ཡོད་དོ་ཅོག་ལས། ཤེས་ཡོན་དང་ཉམས་མྱོང་གང་ཐད་ནས་འབུར་དུ་ཐོན་པ་ཞིག་ཏུ་མཐོང་། གཞན་གྱི་ས་མ་ལོ་ནས་གཞན་གྱིས་ཡར་ཉར་ཚག་བྱས་པ་འདི་མ་འོས་པ་ཞིག་དང་། ནང་ཁུལ་ལ་ཆབ་སྲིད་ཆུང་ཆུང་གི་རྙོག་འཛིང་ཡོད་པ་མཚོན་ཐུབ་ནའང་། ཀརྨ་ཆོས་འཕེལ་ལུང་མཚན་ཁ་ཤས་ནས་མར་འཕེན་སྟང་དེ་ནི། དེ་ལས་ཀྱང་དཔྱད་ཞིབ་དགོས་པ་ཞིག་ཏུ་མཐོང་།
ས་འོག་དར་ཐག་གིས་བྱས་ཡོད་ནའང་འདྲ། བོད་གཞུང་དགའ་ལྡན་ཕོ་བྲང་ནི། གུང་ཁྲན་ཚང་གིས་མིང་ཙམ་མ་གཏོགས་མེད་པར་བཟོས་པའི་ཐོག དེ་སྐབས་ཀྱི་བཀའ་བརྒྱུད་པ་ནི་དེང་སང་དྲི་མ་ཙམ་ཡང་བྲོ་ཡིན་མེད་པ་འདི་ཉིད་ཀྱིས་མ་མཐོང་ངམ། ཁྱེད་ཀྱིས་རོ་སློག་ནས་དྲི་མ་ཁ་བའི་དཔྱད་བརྩམས་དེས་ཅི་བྱ།

སྤྱི་མཐུས་ནི་མི་མང་གིས་གདམ་པ་རེད། མི་མང་གིས་ཡོད་རྒུ་རྩལ་སྤྲུག་བྱས་ནས་གདེམས་ཡོད་པ་ཁག་ཐེག་རེད། ཕྱོགས་གཅིག་ནས་བཤད་ན། བཀའ་བརྒྱུད་པ་སོ་ཟད་རྐན་ལ་ཐུག་པའི་དཔེ་ལྟར་ལོས་ཡིན། གཞན་གྱིས་མ་ལོ་ནས་བོར་བ་ཡར་སྒྲུགས་པ་དང་། དེ་ཡང་ཆོས་ལུགས་གཅིག་གི་སྤྱི་འཐུས་ལ། ཆང་གཟི་སྐྱ་བོ་ཞིག་གདེམས་པ་དེ་ནི། ཁོང་ལ་ཤེས་ཡོན་གང་འདྲ་ཡིན་མིན་ལ་མ་ལྟོས་པ། འཚམས་པོ་ཞིག་མཐོང་མ་སོང་།
གདོང་དེབ་ལས་ལེན།
གོངགི་ཁང་གསར་ལགས་ཀྱི་སྐད་ཆ་འདི་དག་ལ་བསམ་གཞིག་ཞིབ་མོ་གཏོང་རྒྱུ་ཡོད་པ་དང་། ལོ་རྒྱུས་དང་དངོས་ཡོད་གཉིས་ཆའི་ཕྱོགས་ནས་བལྟས་ཀྱང་དཔྱད་རིན་ཡོད་པ་ཞིག་རེད། གནད་ལ་རག་ཐུབ་པའི་སྐད་ཆ་འདིས་མི་མང་དག་ཅིག་ལ་བསམ་བློ་གཏོང་རྒྱུ་གཞན་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་ཡོད། གནས་ལུགས་མང་པོ་ཞིག་དངོས་ཡོད་ཀྱིས་ཁ་མ་གྲག་བར་དུ་སུས་ཀྱང་ཚོད་དཔག་བྱེད་དཀའ་ནའང་། བདེན་ཐུབ་ཀྱི་སྐད་ཆ་འདི་དག་འུ་ཚོས་ཅིས་ཀྱང་ཡིད་ལ་ཉར་དགོས་པ་ཞིག་མ་ཡིན་ནམ།
གདོང་དེབ་ལས་ལེན།
6 ༡༥༢༠༡༠༡༠༠༦
ནམ་རྒྱུན་ངས་ཁང་གསར་རྡོ་རྗེ་ལགས་ཀྱི་དཔྱད་རྩོམས་དང་བསམ་ཚུལ་ཁག་ལ་བདེན་པ་འདྲ་མཐོང་གི་ཡོད་ལ་གདེངས་འཇོག་ཆེན་པོ་ཡོད་འོན་ཀྱང་ད་ཐེངས་ཕྱོགས་གཅིག་ཁོ་ནའི་གནས་ཚུལ་ལུང་འདྲེན་བྱས་ནས་བཤད་པ་དེ་དེ་ཙམ་རང་དོན་སྙིང་མ་མཐོང།་ལར་ནས་ཀརྨ་ཆོས་འཕེལ་སྐབས་བཅུ་བཞི་པའི་དབུས་གཙང་སྤྱི་འཐུས་ལ་ཐོག་མར་འོས་གཞི་ནང་ཞུགས་དུས་ཀྱང་དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཟེར་བ་ནས་འོས་མིའི་ས་བོན་ནང་བཏོན་མེད་དེ་ལ་བརྟེན་ནས་ཨང་བཅུ་པ་ལ་སླེབས་ཙམ་ལས་བྱུང་ཡོད་མ་རེད་་འོས་ཤོག་མང་ཤོས་དེ་མངའ་རིས་ཕྱོགས་ནས་ཐོབ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།་་་་དེ་མིན་དབུས་གཙང་ཆོལ་ཁའི་ད་ལོའི་འོས་དམིགས་བསྟོན་སྐབས་དབུས་གཙང་ཆོལ་ཁར་ཞེན་ཁོག་དང་དབུ་མའི་ལམ་ལ་ཤར་བསྐྱོད་ཀྱི་ཆ་རྐྱེན་གཉིས་དང་དེ་ལ་འོས་དམིགས་ནང་ཡོད་པ་ཡོངས་ནས་ཁས་ལེན་བྱས་ཡོད་མེད་སོགས་ཀྱི་ཐད་ལ་བྲིས་ནང་ཡང་མང་པོ་འབྲི་རྒྱུ་ལོས་ཡོད།།།
གདོང་དེབ་ལས་འེན།
5 ༡༥༢༠༡༠༡༠༠༤
དོན་དག་གཞན་པ་མང་པོ་ཞིག་ནི་རྒྱུ་རྐྱེན་མང་པོས་བཙལ་ཡོང་བ་ཞིག་ཡིན་ངེས་ཀྱང་མི་མང་གི་འཐུས་མི་ཞིག་ཡིན་ན་བཙུན་པ་བཞིན་སྡོམ་ཁྲིམས་མང་པོ་ཞིག་ཁུར་དགོས་ལོས་བདེན་ཏེ་ཁ་ཤས་ཤིག་སྙོན་གཞི་བཙུགས་པ་ལོས་ཡིན་འདོད་བྱེད་དེ་འདྲ་རེད།
ཡིན་ན་ཡང་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་ཞེས་གསུངས་པ་དེ་ནོར་འཁྲུལ་དང་ཁ་མཆུ། རྙོག་དྲ་དང་དོན་མ་རྟོགས་པ་གང་ཡང་རེད་བསམ་གྱིན་མེད།

གདོང་དེབ་ལས་ལེན།
གནད་ལུགས་འདི་དུས་ཚོད་ཀྱིས་ཁ་གྲགས་ཡོང་གི་རེད། ང་ཚོས་རིམ་གྱིས་བལྟ། ཞེས་གསུངས་གནང་དུས་དོན་དངོས་དང་སྔ་ཕྱི་གཉིས་ལ་གཟིགས་གནང་འདུག མ་འོང་པར་ཀརྨ་ཆོས་འཕེལ་གྱི་ལས་དོན་བྱེད་ཆོག་ཐད་མི་མང་ཚོས་ཤེས་ཟིན་པས་ཁྱེད་ཀྱི་ལམ་སྟོན་པ་དེས་བཀའ་བརྒྱུད་པའི་དགེ་འདུན་པ་དེ་དག་གི་སླར་ཡང་དགོངས་པ་ཞིག་བཞཻས་དགོས་འགལ་ཆེ། བཀའ་བརྒྱུད་ཕོ་ཟད་མོ་ལ་ཐུག་ཀྱང་མི་ངན་གྲོས་ཚོགས་ཀྱི་ཕུ་མདའ་དཀྲུགས་མཁན་ཁོ་ཡོད་པ་ལས་བཀའ་བརྒྱུད་ཀྱི་རྐུབ་སྟེགས་སྟོང་པར་ལུད་ནའང་འགྱོད་པ་མེད། བསམ་པའི་འཆོད་སེམས་ཞིག་དགེ་འདུན་དེ་དག་ལ་དགོས་ངེས་རེད། ཆོས་ལུགས་དང་ཆོལ་ཁའི་ནང་དུ་ཕར་འཐེན་ཚུར་འཐེན་བྱེད་མི་ཁོར་ས་དམིགས་གང་དུ་མེད་པ་ཞིག་བཟོ་དགོས། ཁང་གསར་རྡོ་རྗེས་བཤད་པའི་གཏམ་བསམ་བློ་གཏོང་དགོས་ངེས་རེད། བཀའ་བརྒྱད་ཀྱི་བསྟན་པ་གོང་འཕེལ་དགོས་ནས་ཆོས་བརྒྱུད་སྤྱི་འཐུས་དེ་ཆོས་བརྒྱུད་དེའི་ནང་གི་གནས་ལུགས་མཁྱེན་པ་ཞིག་འཚོལ་རོགས།
3 ༡༥༢༠༡༠༠༩༥༣
ཐུགས་རྗེ་ཆེ་ཁང་གསར་བ། ཁྱེད་ཀྱི་དཔྱད་ཞིབ་ནན་པོ་དང་མ་འོང་ཐད་དགོངས་རྒྱ་ཆེ་བཞེས་ཀྱི་ད་ལྟ་ནས་བོད་མི་རྣམས་ཡིད་ཟབ་དགོས་པའི་བརྡ་ཞིག་གཏོང་འདུག
དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཉེ་ལམ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་དང། སྤྱི་འཐུས་གནང་སྐབས་དབུ་མའི་ལམ་ལ་བསྐྱར་ཞིབ་ཀྱི་རྙོག་དྲ་དང་གཅིག ༸གོང་ས་མཆོག་ཉི་ཧོང་དུ་མི་དཀྱུས་མའི་གནས་བབ་ཐོག་ཕེབས་ཀྱི་ཡོད་པའི་འཆལ་གཏམ་དང་གཉིས། ནོར་རྒྱས་གླིང་གཞིས་ཆགས་སུ་ཆང་འཐུང་ར་རོས་གཞུང་དོན་རས་བོར་བྱས་སྟབས་ཉེས་རྡུང་གཟེད་པ་དང་གསུམ། ཆང་འཐུང་བག་མེད་ཀྱིས་གནམ་ཐང་དུ་ལུས་ནས་གལ་ཆེའི་ཚོགས་འདུར་བཅར་མ་ཐུབ་པའི་བྱ་ངན་དང་བཞི། གྲོས་ཚོགས་ནང་དཔུང་སྒྲིག་གིས་ཚོགས་གཙོའི་རྐུབ་སྟེགས་ལ་ཧབ་ཐོབ་བརྒྱབ་པ་དང་ལྔ། མ་འོངས་ཚོགས་གཙོ་ཐོབ་རེ་དང་རང་གི་ཁ་གཏད་ཚོགས་གཙོ་སྤེན་པ་ཚེ་རིང་ཕམ་ཉེས་སུ་གཏོང་ཐུབ་རེས་གྲོས་ཚོགས་ནང་དཔུང་བསྒྲིགས་འར་བཤད་ཀྱིས་གྲོས་ཚོགས་འཐོར་བཅུག་པ་དང་དྲུག་སོགས་ཀྱི་རྐྱེན་ལས། དབུས་གཙང་མི་དམངས་ཁོ་པར་ཞེ་གཏིང་ནས་ལོག་སྟེ། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་ཁོ་པར་འོས་འཕངས་མེད་ཀྱང། ཁམས་ཕྱོགས་ཀྱི་སྲིད་དོན་པ་འགས་དེ་ནི་ཁོ་པས་ཁམས་ཞེན་བྱས་སྟབས་དབུས་གཙང་གིས་ངན་བྱས་པར་བསམས་ཏེ། གདན་ས་ཁག་ཏུ་ས་འོག་དར་འཐག་གི་འབྲེལ་བ་བརྒྱུད་དེ་ངན་སྐུལ་བྱས་འབྲས་སུ། སྔོན་འགྲོའི་འོས་བསྡུའི་ནང་ཁོ་པ་དགེ་ལུགས་སྤྱི་འཐུས་ཨང་བཞི་པ་དང་། བཀའ་བརྒྱུད་སྤྱི་འཐུས་ཨང་གཉིས་པར་སླེབས་ཡོད། ཁོ་པས་དེ་གཉིས་ལས་བཀའ་བརྒྱུད་སྤྱི་འཐུས་ལ་རེ་བ་ཡོད་པ་མཐོང་སྟེ་ཕྱི་མ་བདམས་ཡོད།

ཡ་མཚན་པ་ཞིག་ནི། དེ་རིང་དཔལ་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ་འཁྲུངས་ཏེ་ལོ་ ༩༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཉིན། བཀའ་རྒྱུད་ཀྱི་ཆོས་བརྒྱུད་ཀྱི་ངོས་ནས་ཀརྨ་ཆོས་འཕེལ་སྐུ་མགྲོན་གྱི་གྲས་སུ་གདན་ཞུ་བྱས་འདུག དུས་དྲན་མཛད་སྒོ་དེར། ཆོས་བརྒྱུད་སྤྱི་འཐུས་ལས་ཐོག་ཁག་དང་སྤྱི་འཐུས་ཚོགས་གཙོ་གདན་ཞུ་བྱས་ཡོད་ཀྱང། ཆོལ་ཁའི་སྤྱི་འཐུས་ཀྱི་ཁོངས་ནས་ངས་དྲྭ་ལམ་ནས་མཐོང་བ་ལྟར་ན་ཀརྨ་ཆོས་འཕེལ་མ་གཏོགས་གཞན་དག་གདན་ཞུ་བྱས་མི་འདུག གནད་འགག་ཀྱི་ཆ་ནས་བཤད་ན། ད་ལྟ་ཀརྨ་ཆོས་འཕེལ་དབུས་གཙང་སྤྱི་འཐུས་ལས་ཐོག་ཡིན་པ་ལས་བཀའ་བརྒྱུད་སྤྱི་འཐུས་མ་རེད།

ལོ་རྒྱུས་ཐོག དགའ་ལྡན་ཕོ་བྲང་གི་གཞུང་དང་བཀའ་བརྒྱུད་པའི་བར་རྙོག་དྲ་མང་བོ་ཞིག་བྱུང་མྱོང་ཡོད་པ་རེད། ངས་བལྟས་ན། སྐྱེ་ཁོངས་ཁམས་ནས་ཡིན་པའི་བཀའ་བརྒྱུད་པ་ཚོས། བཀའ་བརྒྱུད་ཀྱི་བསྟན་དོན་དང་ཆོལ་ཁའི་ན་ཚ་མཉམ་དུ་བསྲེས་ཏེ་ཀརྨ་ཆོས་འཕེལ་བེད་སྤྱོད་བྱེད་པ་འདིས། ཀརྨ་པའི་ཆོས་དང་སྲིད་ལ་ཞབས་འདེགས་ཞུ་བ་ལས་ལྡོག་སྟེ་ཞབས་འདྲེན་ཞུ་ངེས་རེད།
1 ༡༤༢༠༡༠༢༡༠༠
ཚུལ་ལེན་གང་འདྲ་དགོས་གསུང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།