སྨོན་ལམ་ཚིག་མཛོད་ལེཌ་འགྲུབ་བྱུང་ཏེ་རིན་མེད་འགྲེམས་སྤེལ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡༥ཉིན། ཁ་སང་ཕྱི་དྲོ་ཆུ་ཚོད་༢པའི་ཐོག  གངས་སྐྱིད་བོད་གཞུང་དཔེ་མཛོད་ཚོགས་ཁང་དུ་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ལོ་ངོ་ཧྲིལ་བོ་གཅིག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་༼སྨོན་ལམ་ཚིག་མཛོད་༽འདི་ལེགས་འགྲུབ་བྱུང་ཏེ་རིན་མེད་ཀྱིས་འགྲེམས་སྤེལ་བྱས་ཡོད་པ་རེད།

ཐེངས་འདུའི་གསར་འགོད་ལྷན་ཚོགས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་དང་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ལས་རོགས་རྭ་རྒྱ་བློ་དབང་བཅས་ཕེབས་འདུག གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་གཙོས་པའི་ལས་རོགས་ཁག་ཅིག་མཉམ་རུབ་ཐོག་ལོ་ངོ་ཧྲིལ་བོ་གཅིག་རིང་དཀའ་སྤྱད་སྡུག་རུས་བྱས་ཏེ་༼སྨོན་ལམ་ཚིག་མཛོད་༽འདི་བཟོ་སྐྲུན་བྱེད་དགོས་པའི་དམིགས་ཡུལ་ནི་དུས་ཀྱི་འགྱུར་བ་སྐྱེན་པོའི་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད་ལ། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་འདི་བསུབ་པའི་ཆེད་དུ་གཉིད་བཅགས་ཟས་བརྗེས་ཀྱི་ངལ་བ་བསྟུད་མར་བརྒྱུད་དེ་བཟོ་སྐྲུན་བྱས་པ་ཞིག་རེད།

སྤྱིར་ཚིག་མཛོད་དེའི་ནང་དུ་བོད་ཡིག་ཚིག་མཛོད་དང་དབྱིན་ཡིག་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་མང་མཛོད་བཅས་སྡེ་ཚན་བཞི་རུ་དབྱེ་ཡོད་ལ། མ་ཚིག་འབུམ་གཉིས་ ༢༠༠༠༠༠ དང་ཡིག་འབྲུ་ས་ཡ་དྲུག་ ༦༠༠༠༠༠༠ ལས་བརྒལ་བ་དང༌། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽་དང༌། ༼ དག་ཡིག་གསར་བསྒྲིགས ༽ རྨང་གཞིར་བཞག་ནས་གྲུབ་ཡོད་པ་དང༌། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་༼ དབྱིན་བོད་ཚིག་མཛོད་གསར་མ༽ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང༌། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་ ༩༠༠༠༠ ལྷག་ཡོད། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བཏུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད།

བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་བྱས་མེད་པར་མ་དཔེ་ལྟར་བཞག་ཡོད། ཚིག་མཛོད་འདིར་སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་སྒྱུར་གྱི་ཆ་རྐྱེན་ཡང་འཐུས་ཚང་དུ་ཡོད་པས་བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང༌། ཡིག་སྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང༌།  རྩོམ་སྒྲིག་ཚན་པ་དང༌། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་ངེས་ཡིན། འདི་བརྒྱུད་དེ་ལེན་ཆོགདེ་སྔ་ཚིག་མཛོད་འདིའི་ཐད་མཁས་པའི་བགྲོ་གླེང་སྐོང་ཚོགས་ཐོག་སྤྱན་འབུལ་གྱིས་བསམ་ཚུལ་བསྡུ་ལེན་དང་ཤེས་ལྡན་གང་མང་ཞིག་དང་ལྷན་དུ་གྲོས་བསྡུར་རིམ་པར་བྱས་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་བཀོད་འདུག

གཞན་ཡང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་སྨོན་ལམ་ཡིག་གཟུགས་ཀྱི་འགྱུར་ལྡོག་སྐོར་ངོ་སྤྲོད་གནང་དོན། སྨོན་ལམ་བོད་ཡིག་ ༣༌༡ ནི་དེ་སྔའིོ་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་དང་ཁ་སྣོན་བྱས་ཡོད་པར་མ་ཟད། ཟླ་ཤས་གོང་དེའི་ཐད་བགྲོ་གླེང་སྐོང་ཚོགས་དང་འབྲེལ་སྔགས་ཡིག་དང༌། དབུ་མེད་ཚུགས་རིང་ཐུང་གི་དབྱངས་དང་འདོགས་ཅན་བཅས་སྟབས་བདེར་བཟོས་ཡོད་ལ། གཙོ་བོར་བོད་ཡིག་གི་འབྲི་ཚུལ་ཆ་ཚང་བ་ཞིག་ཡོང་བར་འབད་བརྩོན་གནང་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།

མཇུག་མཐར་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་ཀྱིས་ལས་རིམ་འདི་བསྒྲུབས་པའི་སྔ་ཕྱིར་བརྩེ་བའི་གྲོགས་པོ་དང་ལས་རོགས་བཅས་ཀྱིས་དཀའ་སྡུག་མཉམ་མྱོང་གི་བརྩོན་པ་རྒྱུན་དུ་བསྐྱེད་སྟབས། ཡིག་འབྲུ་ས་ཡ་འགའི་ཚིག་མཛོད་འདི་བཞིན་དུས་འགྱངས་མ་བྱུང་བར་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་ཐུབ་སོང་བས་བློ་ལྡན་ལས་གྲོགས་དག་ལ་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས། རིག་གཞུང་གི་འགན་འཁྲི་ཁུར་དུ་མངའ་བ་དག་གིས་ཕྱིས་འབྱུང་གི་ལས་རིམ་ཁྲོད་དུའང་སྔར་བཞིན་མཉམ་ཞུགས་དང་རོགས་འདེགས་གནང་བའི་རེ་འབོད་ཞུས་ཡོད་པ་དང། ཚིག་མཛོད་འདི་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་པས་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་དང་དང་གསར་འགོད་པ་རྣམས་ཀྱིས་ཚིག་མཛོད་གཙོས་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་འདི་དག་འགྲེམས་སྤེལ་དང༌། བེད་སྤྱོད་གཏོང་ཕྱོགས་ཐད་མང་ཚོགས་ལ་ངོ་སྤྲོད་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

གློག་ཀླད་སྒེའུ་ཁུང་ xp དང་ vista སོགས་ལ་ཁྱད་མེད་བཀོལ་ཆོག་པས། གསར་བྱུང་ཚིག་མཛོད་འདི་ཕབ་ལེན་བྱ་འདོད་ཡོད་རིགས་ཚོས་འབྲེལ་ཐག་ http://www.4shared.com/get/0o_FOTWt/Monlam_Dictionary.html འདི་བརྒྱུད་དེ་ཕབ་ལེན་བྱེད་ཆོག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༥༢༠༡༡༡༤༢༤
ཁྱོད་རང་བྲིས་ཡོད་འདི་ལ་ང་སེམས་དགའ་བོ་འབྱུང་པས་ངེ་ཁྱེད་རང་ལ་དཀའ་དྲིན་ཆེ་ཟེར་ཞུ་གྱི་ཡོད།
2 ༡༦༢༠༡༠༡༠༢༧
གཡང་སྐྱིད་སྒྲོལ་མ
གློ་ཀླད་རྩིས་འཕྲུལ་ལ་ཆེད་ལས་པ་རྒན་བློ་བཟང་སྨོན་ལམ་མཆོག་གིས་ངང་བ་་རྒྱ་ཕྲག་ལ་བརྟེན་ནས་བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་པའི་བོད་ཡིག་གི་ཡིག་གཟུགས་དང་སྒྲ་གདངས། དེ་བཞིན་གློ་ཀླད་འཕྲུལ་འཁོར་ནང་དུ་བཀོལ་སྤྱོད་བྱེད་ཐུབ་པའི་བོད་ཡིག་ཚིག་མཛོད་བཅས་གསར་བསྐྲུན་གནང་ཐུབ་པ་ནི་བོད་མི་རིགས་ཀྱི་ལོ་རབས་ནང་བྱུང་མྱོང་མེད་པ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་རྗེས་བླ་མེད་བཞལ་གནང་བ་དེ་ནི་ནམ་ཡང་བརྗེད་མི་རུང་ལ་གུས་ཀྱང་སྙིང་དབུས་ནས་གུས་བཀུར་དང་རྗེས་སུ་ཡིད་རངས་ཞུ། །
1 ༡༦༢༠༡༠༠༨༤༤
ཁ་བའི་ཕོ་ཉ།
རྩིས་རྡུལ་འཕྲུལ་འཁོར་ལ་ཆེད་མཁས་པ་རྒན་སྨོན་ལམ་ལགས་སུ་ཐོག་མ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། སྐུ་ཉིད་ཀྱི་་མཚན་དང་འབྲེལ་བའི་སྨོན་ལམ་བོད་ཡིག་ཚིག་མཛོད་ལེགས་གྲུབ་བྱུང་ཞེས་པའི་མིང་ཚིག་དེ་དག་ཕྲན་གྱི་མིག་ལམ་དུ་འཆར་མ་ཐག་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་ཡིད་མཁར་འགོག་མེད་དུ་འཚང་ག་བརྒྱབས་ནས་སླེབས་བྱུང་།
དགའ་དགོས་པ་ནི་དབྱིན་ཇིའི་གཞི་རིམ་སློབ་གྭ་ཙམ་ཡང་འགྲིམ་མ་མྱོང་མཁན་ཞིག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཅངས་པའི་ཞུམ་མེད་ལྷག་བསམ་གྱི་འོ་མཚོ་ལས་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྱག་ལས་རྒྱ་ཆེན་པོ་འདི་ལྟ་བུ་བསྐྲུན་ཐུབ་པ་ནི་ཤིན་ཏུ་ནས་དགའ་སྤོ་སྐྱེས་འོས་པ་ཞིག་ཡིན་པས་གུས་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མ་འདས།
ཡིན་ནའང་སྐྱོ་སྣང་གི་ཚོར་བ་ཞིག་ཡོང་བ་ནི་བོད་བཙན་བྱོལ་གཞུང་དུ་འདས་པའི་ལོ་རྒྱུས་ནང་དུ་བོད་ཁྱིམ་སློབ་གྲྭ་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སློབ་གྲྭ་
དེ་བཞིན་སམ་བྷོའི་སློབ་གྲྭ་སོགས་མང་དག་ཡོད་པ་ནས་བོད་རང་གི་གནའ་དེང་གི་ཤེས་ཡོན་སོགས་ལ་ཕན་ནུས་སོགས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་རྗེས་འཇོག་ཐུབ་མཁན་ནི་རི་བོང་གི་རྭྭའི་ཟླ་རུ་གྱུར་འདུག་སྙམ། །



བརྗོད་གཞི་གཞན་ཁག་ལ་གཟིགས།