བོད་མི་ཞིག་ལའང་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཕུལ་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡ཉིན། ཁ་སང་དྷ་ཤོད་ལོན་སི་བྷ་ཝང་གསོལ་མགྲོན་ཁང་དུ། སཱན་ཁལ་ཕུ་ཟེར་བའི་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་སྡེ་དེའི་སྐབས་༡༨པའི་ལོ་འཁོར་ཚོགས་ཆེན་ཐོག ཧི་མ་ཅལ་མངའ་ཁུལ་དུ་གནས་སྡོད་བྱས་པའི་མི་སྣ་༩ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཕུལ་སོང༌།

གཟེངས་རྟགས་དེ་ནི་རྒྱ་གར་ཧི་མ་ཅལ་མངའ་ཁུལ་དུ་མི་རིགས་དང་ཕོ་མོ་དབྱེ་བ་མེད་པ། སུ་ཞིག་གིས་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ལ་ཕན་པའི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པ་ཞིག་ཡིན་ཚེ་དེ་ལ་ཕུལ་བ་ཞིག་རེད་འདུག་ལ། ཐེངས་འདིར་གཟེངས་རྟགས་དེ་ཐོབ་མཁན་རྒྱ་གར་བ་མི་གྲངས་༨དང་བོད་མི་ཞིག་ཡོད་པ་ནི། ནོར་གླིང་སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ་ལགས་རེད།

གཞན་ཡང་ཁ་སང་མཛད་སྒོ་དེའི་ཐོག་ཧི་མ་ཅལ་མངའ་ཁུལ་ནས་ཡིན་པའི་འཛིན་རིམ་༡༢ གྱི་སློབ་མ་ཡིག་རྒྱུགས་རྩེ་ཕུད་༣དང་བུད་མེད་རྩེད་འགྲན་པ་ཞིག་ལའང་བྱ་དགའ་དང༌། ཉམས་ཐག་སྐྱེས་དམན་༢ལ་འཚེམ་བུ་འཁོར་ལོ་རེར། ད་དུང་ཁྱིམ་ཚང་སྐྱོ་པོ་ཡིན་པའི་སློབ་ཕྲུག་༦ཙམ་ལ་གྱོན་ཆས་སོགས་རོགས་རམ་གནང་སོང༌། ཁ་སང་གི་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བཟོ་སྐྲུན་བློན་ཆེན་སྐུ་ཞབས་ཨོན་ཁར་ཤར་མ་མཆོག་གདན་འདྲེན་ཞུས་འདུག

མཛད་སྒོ་གྲོལ་རྗེས་བོད་མི་མང་སྤྱི་འཐུས་ངག་དབང་ལྷ་མོ་ལགས་སུ་སཱན་ཁལ་ཕུ་ཟེར་བའི་ཚོགས་པ་འདི་ག་རེ་ཡིན་མིན་དང༌། ཐེངས་འདིའི་གཟེངས་རྟགས་དེ་གཙོ་བོ་ག་རེའི་ཆེད་དུ་ཡིན་མིན། ད་ལྟ་བར་དུ་བོད་མི་ག་ཚོད་དང་སུ་ཞིག་གཟེངས་རྟགས་འདི་རག་ཡོད་མེད། གཟེངས་རྟགས་འདིའི་ཐོག་ནས་བསམ་ཚུལ་ག་རེ་ཡོད་མེད་བཅས་ཀྱི་སྐོར་བཅར་འདྲི་ཞུས་སྐབས། ཁོང་གིས་ཚོགས་པ་འདི་ནི་གཙོ་བོ་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་རེད།

ཚོགས་པ་འདི་ཧི་མ་ཅལ་མངའ་སྡེའི་ནང་གཅིག་པུ་མ་ཡིན་པ་རྒྱ་གར་གྱི་ས་གནས་གང་སར་ཡོད་པ་ཞིག་རེད་འདུག གཟེངས་རྟགས་འདི་ནི་མི་རིགས་དེ་འདྲར་ཁྱད་པ་ཡོད་ས་མ་རེད། ཧི་མ་ཅལ་ནང་ཁུལ་དུ་གཙོ་བོ་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་དེ་འདྲར་ཁོང་ཚོས་ཉམས་ཞིབ་བྱས་ནས་བྱ་དགའ་འབུལ་བཞིན་ཡོད་པ་ཞིག་རེད་འདུག ཚོགས་པ་འདིས་དེ་སྔ་བོད་མི་ལ་གཟེངས་རྟགས་ཕུལ་བ་དེ་འདྲ་བྱུང་མི་འདུག འདི་ཕ་ཆེར་ཐེངས་དང་པོ་ཡིན་ས་རེད།

ང་རང་གི་ཚོར་སྣང་ལབ་ན། སྤྱིར་ང་རང་གི་སེམས་ནང་ལ་སྤྱི་ཚོགས་ནང་ལས་ཀ་མང་པོ་ཞིག་བསམ་བློར་འཁོར་གྱི་འདུག གལ་ཆེ་ཤོས་གཅིག་དེ་ཐག་རིང་ནས་འདིར་ཡོང་བའི་ནད་པ་སྨན་དུས་ཡུན་རིང་པོ་ཟ་དགོས་མཁན་དེ་ཚོར་སྡོད་ས་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་དང་འཕྲད་བཞིན་པ་རེད། དེ་ཚོའི་ཆེད་དུ་སྡོད་ས་ཤིག་བཟོ་རྒྱུར་ང་རང་ལ་སྔོན་མ་བསམ་ཚུལ་ཞིག་ཡོད། དེ་འདྲ་ཞིག་མ་འོངས་པར་གཏན་གཏན་ཐུབ་ཀྱི་རེད་བསམས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༢༢༠༡༠༡༣༡༠
བོད་ཀྱི་མི་རིགས།



བརྗོད་གཞི་གཞན་ཁག་ལ་གཟིགས།