རྒྱ་ནག་ལ་ངོམ་ཆོག་པའི་བཀའ་ཁྲི་བློ་བཟང་སེངྒེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༢༦ཉིན། བཙན་བྱོལ་དུ་ཡོད་པའི་བོད་པའི་མཐོ་སློབ་ཁག་གསུམ་ནས་དང་བླངས་སློབ་མ་ཁག་ཅིག་གིས། ཟླ་འདིའི་ཚེས་༢༦ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡པོ་དང་ཕྱེད་ཀ་ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཟློས་གར་ཚོགས་ཁང་དུ༼མི་རབས་གསར་པའི་བཀའ་ཁྲི་༽ཟེར་བའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

དེ་ཡང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང༌། ནོར་གླིང་མཐོ་སློབ། བོད་གཞུང་སྨན་རྩིས་ཁང་མཐོ་སློབ་བཅས་ཀྱི་དང་བླངས་སློབ་མ་ཁག་ཅིག་གིས། གོ་སྒྲིག་བྱས་པའི་བགྲོ་གླེང་དེའི་ཐོག་གཏམ་བཤད་གནང་མཁན། བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་དང༌། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས། ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་བཅས་གདན་འདྲེན་ཞུས་འདུག

བགྲོ་གླེང་དབུ་འཛུགས་མ་གནང་བའི་སྔོན་དུ། དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་བཀའ་ཁྲི་ཟམ་གདོར་རིན་པོ་ཆེ་མཆོག་གིས་བོད་པ་གཞོན་སྐྱེས་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༼སྐབས་གཉིས་པའི་བཀའ་ཁྲིའི་འོས་འདེམས་སྐབས་ངས་རེ་བ་ལ་ངའི་མི་མང་ཚོས་བྱུང་ན་ཁྱིམ་པ་བུད་མེད་ཅིག་དང༌། དེ་མ་བྱུང་ན་ཡང་གཞོན་སྐྱེས་ཤིག་བྱུང་ན་བསམས་པའི་རེ་བ་བརྒྱབ་རུང༌། སྟབས་མ་ལེགས་པ་ཞིག་ལ་བླ་རྒན་མགོ་སེར་ཞིག་སླེབས་འདུག༽ཅེས་གསུངས་ཡོད་པ་རེད་ཟེར་བའི་གསུང་བཤད་གློག་བརྙན་ཞིག་གཟིགས་འབུལ་ཞུས་སོང༌།

གཞན་ཡང་མཁས་དབང་བློ་བཟང་སེངྒེ་ལགས་སུ། བཀའ་བློན་ཁྲི་པར་རྒན་གཞོན་དང་ཉམས་མྱོང་སྐོར་དྲི་བར་དྲིས་ལན་བྱས་པའི་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུས་སོང༌། དེའི་སྐབས་སུ་མཁས་དབང་བློ་བཟང་སེངྒེ་ལགས་ཀྱིས། གོང་གསལ་དྲི་བ་དེར་བལྟས་པ་ཡིན་ན། གཞོན་པས་ནོར་འཁྲུལ་བྱེད་པ་ལས། རྒན་པས་ནོར་འཁྲུལ་མི་བྱེད་པ་ལྟ་བུ་ཞིག་གསུངས་སོང༌། འོན་ཀྱང་རྒན་པས་ནོར་འཁྲུལ་བྱེད་སྲིད་པ་ཞིག་རེད་ལ། གཞོན་པས་ཀྱང་ནོར་འཁྲུལ་བྱེད་སྲིད་པ་ཞིག་རེད། བོད་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། ནོར་འཁྲུལ་མང་ཆེ་བ་སྡེ་པ་གཞུང་གི་སྐུ་དྲག་དེ་ཚོས་བྱས་པ་ལྟ་བུ་ཞིག་མི་འདུག་གམ་ཞེས་གསུངས་སོང༌།

ཡང་ཁོང་གིས་ལོ་གཞོན་པ་དང་ཉམས་མྱོང་ཡོད་མེད་ཟེར་བ་དེ་དཔེར་ན། ཇོ་ཇི་ཡའི་སྲིད་འཛིན་ལོ་༣༥རེད་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཆགས་བཞག་ན། སྔོན་མར་མཐོ་སློབ་ཀྱི་དགེ་རྒན་དང༌། དེ་རྗེས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལོ་གཉིས་དང་དེའི་ཞོར་དུ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ལས་གནང་མྱོང་ཡོད་པ་མ་རེད། དེ་འདྲའི་ཉམས་མྱོང་མེད་མཁན་ཞིག་གིས་སྟོབས་ཆེན་ཨ་རིའི་སྲིད་འཛིན་གནང་ཐུབ་དུས་བོད་གཞུང་གི་བཀའ་བློན་ཁྲི་པ་གནང་མི་ཐུབ་པ་གང་འདྲ་ཡིན་ནམ། མ་ཚད་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སི་དང་ད་ལྟའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོར་རིན་པོ་ཆེ་སོགས། སྔོན་མར་མཐོ་སློབ་ཀྱི་དགེ་རྒན་དང་མཁས་དབང་དེ་འདྲ་ཡིན་པ་ལས། གཞུང་གི་འཛིན་སྐྱོང་ལ་ཉམས་མྱོང་ཆེན་པོ་ཡོད་པ་དེ་འདྲ་གང་ཡང་མ་རེད་ཅེས་གསུངས་འདུག

བགྲོ་གླེང་དངོས་གཞི་སྐབས་ཐོག་མར་ཨ་འབྲུག་དཀོན་མཆོག་ལགས་ཀྱིས།༼༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་བཞེས་ཕྱོགས་སྐོར་༽གསུངས་བཤད་གནང་དོན།

ང་ཚོའི་མ་འོངས་པའི་བཀའ་བློན་ཁྲི་པ་དེར་༧གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན་དང་ལེན་བྱ་རྒྱུའི་མཆོད་སེམས་དང་སྙིང་སྟོབས་ཡོད་མཁན་ཞིག་དགོས་ཀྱི་འདུག གང་ཡིན་ཟེར་ན། འདས་པའི་ལོ་༥༠རིང་ལ་ང་ཚོའི་གཞུང་དང༌། ང་ཚོའི་སྤྱི་ཚོགས། ང་ཚོ་བོད་མི་མི་རེ་ངོ་རེས་༧གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན་ལག་བསྟར་བྱས་མ་ཐུབ་པའི་གནས་ཚུལ་ཁག་ཅིག་གསལ་འདོན་ཞུ་རྒྱུ་ཡིན།

དང་པོ། ང་ཚོའི་མང་གཙོ་དེ་ཚད་ངེས་ཅན་ཞིག་གི་ཐོག་འཕེལ་རྒྱས་ཕྱིན་ཡོད་པ་རེད། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་ཁྱོན་ཡོངས་ནས་བལྟས་པ་ཡིན་ན། མང་གཙོ་ད་དུང་ཡང་དང་ལེན་བྱེད་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། ཕྱི་ལོ་༡༩༦༠རེ་གྲངས་ནས་༧གོང་ས་མཆོག་གིས་མང་གཙོ་མར་གནང་སྐབས་སུ། བོད་པའི་སྤྱི་ཚོགས་དང་མཐོ་རིམ་མི་སྣ་དེ་ཚོས་དང་ལེན་བྱེད་ཀྱི་ཡོད་པ་མ་རེད། མ་ཚད་འགོག་རྐྱེན་ཡང་བཟོས་ནས་རྒྱལ་བ་རིན་པོ་ཆེས་དྷ་རམ་ས་ལར་དམར་ཤོགས་ཀྱི་ལམ་ལུགས་ཤིག་ལག་བསྟར་བྱེད་ཀྱིན་འདུག་ཅེས་བཤད་ཡོད་པ་རེད། དེའི་རྐྱེན་པས་ད་ལྟ་ང་ཚོའི་མང་གཙོའི་འཕེལ་རིམ་དེ་དལ་མོ་ལས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད།

གཉིས་པ། ང་ཚོས་རྩ་ཁྲིམས་དང་ལེན་བྱེད་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་གི་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་དང༌། ལྷག་པར་དུ་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྟོན་ནང༌། གནད་དོན་གཙོ་བོ་དེ་བོད་ཀྱི་ལས་དབང་དང་བོད་མི་རིགས་ཀྱི་མདུན་ལམ་དེ་ཐག་གཅོད་བྱེད་པའི་དབང་ཆ་དེ་བོད་མི་མང་སྤྲད་ཡོད་པ་རེད། ག་རེའི་སྒང་ནས་སྤྲད་དགོས་པ་རེད་ཟེར་ན། ཁྲིམས་ཀྱི་ཐོག་ནས་སྤྲད་དགོས་པ་རེད། མ་ཚད་༧གོང་ས་མཆོག་གི་སྐུ་དབང་ཡང་མི་མང་གི་མངོན་འདོད་དང༌། རྒྱལ་ཁབ་ཀྱི་དགོས་པའི་ཆེད་དུ་གཏོར་དགོས་པ་ཡིན་ནའང་གཏོར་རྒྱུའི་ལམ་སྟོན་བྱས་ཡོད་ཀྱང༌། སྐབས་དེའི་མི་མང་དང་ལྷག་པར་དུ་སྐབས་དེའི་གཞུང་འཛིན་མཐོ་རིམ་མི་སྣའི་བློ་ཁོག་ལ་མ་ཤོམ་པའམ་གང་ལྟར་དང་ལེན་མ་བྱས་པ་རེད། འོན་ཀྱང་༧གོང་ས་མཆོག་གིས་ཨུ་ཚུགས་མཐར་སྐྱེལ་བྱས་ནས་མཐའ་མར་བཅའ་ཁྲིམས་ནང་འཁོེད་ཡོད་པ་རེད།

དཔེར་ན། ༧གོང་ས་མཆོག་གི་དགོངས་པ་ལྟར་བྱས་པ་ཡྀན་ན་ཆོས་ལུགས་རིས་མེད་ཀྱིས་བོད་པ་ཁ་ཆེའི་ཆོས་བྱེད་མཁན་དེ་ཚོ་ལའང་སྤྱི་འཐུས་ཀྱི་འོས་གཞི་དང་གདན་ཐོབ་སྤྲད་རྒྱུའི་ཐུགས་འདུན་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ཀྱིས་དང་ལེན་བྱས་ཡོད་པ་མ་རེད།

གསུམ་པ། ༧གོང་ས་མཆོག་གི་སྲིད་བྱུས་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། དབུ་མའི་ལམ་དེ་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་མོ་བརྒྱབ་ནས་ཐག་བཅད་པ་ཞིག་རྩ་བ་ནས་མ་རེད། སྲིད་བྱུས་འདིའི་སྟེང་ཕེབས་དགོས་པའི་རྒྱུ་མཚན་ནི། དངོས་ཡོད་གནས་ཚུལ་ཐོག་བོད་པའི་ད་ལྟའི་གནས་སྟངས་དང་ལོ་རྒྱུས་ཀྱི་གནས་སྟངས། དེ་རིང་ཁ་སང་འཛམ་གླིང་གི་འཕོ་འགྱུར་བཅས་ཕྱོགས་མང་པོ་ལ་གཟིགས་ནས་གཏན་ལ་ཕབ་པ་ཞིག་རེད། འོན་ཀྱང་དེའི་སྐོར་མི་མང་ནང་གླེང་སློང་གསར་པ་ཞིག་ཡོང་བཞིན་དེའི་ཐོག་ནས་མི་མང་གིས་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་ལ་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད།

གཞན་ཡང་༧གོང་ས་མཆོག་གིས་ངོས་བགྲེས་ཡོལ་ཞུ་བཞིན་ཡོད་ཟེར་བ་དེར་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ང་ད་ལྟ་ཕྱེད་བགྲེས་ཡོལ་ཡིན་མ་འོངས་པར་བགྲེས་ཡོལ་ཆ་ཚང་ཞུ་རྒྱུ་ཡིན་ཟེར་བ་ལོ་༡༠ཡི་ཡར་སྔོན་ནས་ད་ལྟ་བར་དུ་གསུངས་ཡོད་པ་རེད། སྤྱིར་རྒྱལ་བ་རིན་པོ་ཆེས་ང་ཕྱེད་བགྲེས་ཡོལ་ལ་ཕེབས་རྒྱུ་ཡིན་ཟེར་བ་དེ་བོད་མི་མང་ལ་སྦྱོང་བརྡར་ཞིག་སྤྲད་བཞིན་ཡོད་པ་རེད།

ངས་ལོ་ངོ་༥༠རིང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་ཚོར་ཕྱོགས་བསྡོམས་ཞིག་བྱས་ཡོང་དུས། ཁོང་ཉིད་ཀྱིས་བོད་མི་མང་ལ་འགྲོ་སྟངས་ཀྱི་ལམ་ཁ་མང་པོ་ཞིག་ལམ་སྟོན་གནང་ཡོད་པ་རེད། དེའི་ནང་གཙོ་ཆེས་ཤོས་དེ་བོད་མི་མང་གི་འགན་དེ་བོད་མི་མང་རང་ཉིད་ཀྱིས་ཁུར་དགོས་པ་དེ་རེད། འོན་ཀྱང་འགན་ཚང་མ་ཡང་བསྐྱར་༧རྒྱལ་བ་རིན་པོ་ཆེས་འཁུར་རོགས་ཞུས་ནས་བོད་མི་མང་གིས་དང་ལེན་བྱས་ཡོད་པ་མ་རེད།

ཕྱོགས་གཞན་ཞིག་ནས་རྒྱ་ནག་ལ་ལན་འདེབས་ཤུགས་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་རེད། དེ་རིང་ཁ་སང་རྒྱ་ནག་གི་སྤྱི་ཚོགས་ནང་གནད་དོན་ཤུགས་ཆེ་ཤོས་དེ། ༧རྒྱལ་བ་རིན་པོ་ཆེ་ནི་བོད་རྒྱ་དཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་རེད་ཟེར་བ་དེ་དང༌། གནད་དོན་གཉིས་པ་དེ་༧རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པ་ཡིན་ན་བོད་ཀྱི་གནད་དོན་དེ་ཚར་འགྲོ་རྒྱུ་རེད་ཟེར་བ་དེ་གཉིས་རེད། དེ་འདྲ་ཡིན་དུས་ཁོང་ཉིད་ཀྱིས་ངོས་ཕྱེད་བགྲེས་ཡོལ་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་ནང་ལ་ཐེ་བྱུས་བྱ་རྒྱུ་མིན་ཟེར་དུས། སེམས་འཚབ་གཅིག་ནི་བོད་ཀྱི་གནད་དོན་དེ་ད་ལྟ་ངེས་པར་དུ་ཐག་གཅོད་དགོས་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་གནད་དོན་སེལ་བའི་ལྡེ་མིག་རེད་ཟེར་བའི་ལྡེ་མིག་དེ་རླག་འགྲོ་གི་ཡོད་པ་རེད།

ཕྱོགས་གཞན་པ་ཞིག་ནི་༧རྒྱལ་བ་རིན་པོ་ཆེའི་ངོས་ནས་བོད་གཞུང་གི་འཛིན་སྐྱོང་ལ་འགན་མ་ཁུར་བ་ཡིན་ནའང༌། བོད་གཞུང་དང་སྤྱི་ཚོགས་ཀྱི་ངོས་ནས་སོ་སོའི་འཛིན་སྐྱོང་དེ་ཚགས་ཚུད་པོ་ཞིག་ཆགས་ཐུབ་ཀྱི་ཡོད་པའི་དབང་གིས། རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་མེད་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་དེ་མེད་པ་ཆགས་རྒྱུ་རེད་ཟེར་བ་དེར་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲད་ཀྱི་ཡོད་པའི་དབང་གི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་གཉིས་དང་འབྲེལ་བསྡད་ཡོད་པ་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ཀྱིས་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད།

དེ་བཞིན་བོད་གཞུང་གི་འཛིན་སྐྱོང་མི་སྣ་དང༌། དེ་བཞིན་འཛིན་སྐྱོང་གི་ཕྱི་ལོགས་སུ་ཡོད་པའི་བཀའ་ཁྲི་ཟུར་པ་ལ་སོགས་པ་དེ་པས་༧གོང་ས་མཆོག་ལ་ཕྱེད་བགྲེས་ཡོལ་གྱི་བཀའ་མོལ་མ་གསུང་རོགས་ཟེར་བའི་རེ་བ་དེའི་རྒྱབ་ལ་ལྷག་བསམ་རྣམ་དག་ཅིག་ཡིན་མིན་དེ་ད་ལྟའང་ང་ཚོས་དཔྱད་པ་གཏོང་དགོས་པ་ཞིག་རེད་ཅེས་གསུངས་སོང༌།

བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། དེ་རིང་གི་བགྲོ་གླེང་འདིའི་ཐོག་ལ་བོད་རང་བཙན་གྱི་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལ་སོགས་པའི་ཤི་པོ་དང་གསོན་པོི་མང་པོ་ཞིག་ཕེབས་ཡོད་པ་རེད། དེ་འདྲའི་མདུན་དུ་ངས་བོད་རང་བཙན་འཐབ་རྩོད་པའི་མིང་དེ་འཁྱེར་ན་ཁྱོག་གི་མ་རེད། མ་ཚད་བདེ་པོ་ཡང་མི་འདུག འོན་ཀྱང་དེ་རིང་ཁ་སང་ངས་ཅིའི་ཕྱིར་བོད་རང་བཙན་འཐབ་རྩོད་པ་ཟེར་བའི་མིང་དེ་འཁྱེར་བཞིན་ཡོད་ཟེར་ན། རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་འོག་ལ་བོད་རང་བཙན་འཐབ་རྩོད་བྱེད་པར་ཕྱིན་པ་ཡིན་ན། ང་ཚོར་ཉེས་པ་ཚབས་ཆེན་གཏོང་བཞིན་ཡོད་པས་མ་ཚད། བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལའང་བོད་རང་བཙན་ལབ་ཡོང་དུས། འོ་ད་ལྷ་འདྲེ་ཀླུ་དེ་འདྲ་དང་འབྲེལ་བ་ཡོད་མི་འགྲོ་བསམས་པའི་ཕར་ཆེར་བཀྱག་བཀྱག་བྱེད་པའི་བཟོ་འདྲ་པོ་ཞིག་འདུག དེ་འདྲ་ཡིན་དུས་ངས་བོད་རང་བཙན་ཟེར་བའི་མིང་དེ་རྒྱག་དགོས་དོན་དབྱིན་ཇིའི་སྐད་ནང་(emotion)སེམས་ཚོར་དེ་ཕྱི་ལོགས་སུ་འདོན་ཆེད་ཡིན་མ་གཏོགས་ངས་བོད་རང་བཙན་དེ་ལོ་རྒྱུས་དང་གཟི་བརྗིད་ལྡན་པ་ཞིག་བསྒྲུབ་རྒྱུར་ང་རང་ལ་ནུས་པ་ཡོད་པ་མ་རེད་ཅེས་དང༌།

ཡང་ཁོང་གིས་དེ་རིང་འདིར་ཁོང་རྣམ་གཉིས་ཀྱི་༼༧གོང་ས་མཆོག་གི་དགོངས་འགྲེལ་༽དང་༼མི་རབས་གསར་པའི་དར་ཆ་ཕྱར་མཁན་༽སྐོར་རིམ་པར་གསུང་བཤད་གནང་རྒྱུ་དང༌། ངས་དེ་རིང་འདིར་ང་རང་བོད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་གཞིར་བཞག་ཐོག བགྲོ་གླེང་འདིའི་ཐོག་ང་རང་གི་བསམ་ཚུལ་ཁག་ཅིག་བཤད་རྒྱུ་ཡིན། དེ་རིང་གི་བགྲོ་གླེང་འདི་ནི་ཁ་ཐུག་ཞུས་པ་ཡིན་ན་མཁས་དབང་བློ་བཟང་སེངྒེར་རྒྱབ་སྐྱོར་དང་ཁྱབ་བསྒྲགས་བྱེད་པའི་རྣམ་པ་ཞིག་རེད། ང་རང་གི་ངོས་ནས་མཁས་དབང་བློ་བཟང་སེངྒེ་ལ་བཟང་སྤྱོད་ཀྱི་ཆ་ནས་རྒྱབ་སྐྱོར་ཡོད། བློ་བཟང་སེངྒེ་ང་གཉིས་སྒེར་གྱི་འབྲེལ་བ་གང་ཡང་མེད། དེ་ངས་གསལ་པོ་ཐོག་ནས་བཤད་པ་ཡིན། ང་རང་གི་ངོས་ནས་བོད་ཀྱི་བཀའ་བློན་ཁྲི་པའི་སྐོར་ལ་ཁ་གསལ་པོའི་ཐོག་ནས་ཐེངས་མང་པོར་བཤད་ཚར་བ་ཡིན།

དེ་རིང་ཁ་སང་གཞུང་ས་དགའ་ལྡན་ཕོ་བྲང་༧སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་བཞིན་པའི་སྐབས་ལ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་དེ་ཆད་ཀྱི་མ་རེད། བོད་ནང་གི་མི་མང་ཚོའི་སེམས་པ་དེ་བཙན་བྱོལ་གཞུང་ལ་བཀུག་ཐུག་པ་དེ་༧སྐྱབས་མགོན་རིན་པོ་ཆེར་དད་པ་དང་མཚན་སྙན། ལོ་རྒྱུས་རང་བཞིན་གྱི་ཐོག་ནས་ཡོད་བསྡད་པ་ཞིག་རེད། དེ་རིང་གི་བཙན་བྱོལ་བོད་གཞུང་གིས་བོད་རྒྱ་ཆེ་མི་མང་དང༌། བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་ཡོད་ཟེར་བ་དེ་གནད་དོན་དེའི་ཐོག་ནས་ཡོང་གི་ཡོད་པ་རེད།

སྟབས་མ་ལེགས་པར་༧གོང་ས་མཆོག་དགོངས་པ་གཞན་དོན་དུ་བཤེགས་པ་ཡིན་ན། བཙན་བྱོལ་བོད་གཞུང་འདིས་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱེད་ཐུབ་དགོས་ཀྱི་ཡོད་ན། ཚིག་གཅིག་རང་སྟེ་བཙན་བྱོལ་བོད་གཞུང་གིས་རང་བཙན་རྩོད་ཀྱི་ཡོད་རེད་ད། ཟེར་བ་ཚིག་དེ་གཅིག་པུ་ལས་གཞན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་ལ་སྡོད་རྒྱུ་ཡིན་ཟེར་བའི་ཛ་རེ་ཛོ་རེའི་སྐད་ཆ་དེ་ཚོས་བོད་ནང་གི་མི་མང་གི་ཚབ་བྱེད་མི་ཐུབ་པ་སེམས་ཐག་རེད། ཐ་ན་བཙན་བྱོལ་ནང་གི་མི་འབུམ་གཅིག་ལས་མེད་ཀྱང་དེ་ཚོ་ཡང་མཉམ་དུ་ཡོང་རྒྱུར་ཁག་པོ་རེད།

དེར་བརྟེན་ངས་རེ་བ་ཤུགས་ཆེན་པོ་དེ་མ་འོངས་པའི་བཀའ་བློན་ཁྲི་པ་དེས་བོད་རང་བཙན་གྱི་དར་ཆ་གསལ་པོ་བྱེད་ནས། ལང་ཕྱོགས་བརྟན་པོ་ཐོག་ནས་བསྐྱོད་མཁན་མི་ཞིག་ལ་རེ་བ་རྒྱུན་རིང་པོས་བརྒྱབ་པ་ཡིན། སྔོན་འགྲོའི་སྐབས་སུ་ང་ཚོར་ལྷོད་ལྷོད་ཐོག་ནས་བདམས་རྒྱུའི་གོ་སྐབས་ཡོད་པ་རེད། སྔོན་འགྲོ་ཁྱབ་བསྒྲགས་བྱེད་ཚར་བའི་རྗེས་ལ། ཡང་ན་མི་༢དང་ཡང་ན་མི་༣ཐོན་རྒྱུ་རེད། དེའི་སྐབས་སུ་ང་ཚོར་བདམས་ཀ་ཡོད་པ་མ་རེད། དེའི་སྐབས་སུ་ངས་དཔེར་ཆགས་བཞག་ན། ངས་སྐུ་དྲག་གི་རིགས་བརྒྱུད་ལ་འོས་རྩ་བ་ནས་བླུག་རྒྱུ་མིན། བླ་མ་དང་གྲྭ་པ་དེ་ཚོ་ཆབ་སྲིད་ནང་ཞུགས་ན་ཡག་པོ་མི་འདུག་ངས་སྔོན་མ་ནས་ཞུས་མྱོང་ཡོད། སྔོན་མ་ཟམ་གདོར་རིན་པོ་ཆེར་ངས་འོས་བླུག་མེད།

དེ་བཞིན་མ་འོངས་པར་ང་ཚོའི་བཀའ་བློན་ཁྲི་པར་སླེབས་སྲིད་པའི་མི་དཔེར་ན། བློ་བཟང་སེངྒེ་དང་བཀྲས་མཐོང་སོགས་ཁ་ཤས་ཡོད་པ་རེད། དེའི་ནང་ལ་ལོ་རྒྱུས་ཀྱི་རྙོག་དྲ་མེད་པའི་མི་གཙང་མ་ཞིག དངོས་གནས་མང་ཚོགས་དཀྱུས་མའི་ནང་ནས་སོ་སོ་སྒེར་གྱི་འཇོན་ཐང་ཐོག་ནས་ཡར་ལང་མཁན་ཞིག་སྟེ། བདམས་ཀ་མེད་པའི་ཉིན་མོར་ངས་བློ་བཟང་སེངྒེར་འོས་བླུག་རྒྱུ་ཡིན།

ཁ་སྔོན་༧རྒྱལ་བ་རིན་པོ་ཆེས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་སྲིད་ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང།  སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་གསུངས་སོང༌།

བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། མི་རིགས་ཤིག་ལ་མི་རབས་གསར་བ་མེད་ན། མི་རིགས་དེ་རྒས་ཤིང་འཁོགས་པ་དང་ཆད་ལ་ཉེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེར་བརྟེན། མི་རབས་གསར་བའི་འབོད་སྒྲ་གལ་ཆེ་ལ་སྙིང་སྟོབས་དེ་བས་ཀྱང་གལ་ཆེན་རེད། མི་རབས་གསར་པ་གལ་ཆེ་བ་ནང་བཞིན་མི་རབས་གསར་པའི་བོད་སྒྲ་དེ་ཡང་གལ་ཆེན་རེད། ང་རང་ལ་མཚོན་ན་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཙན་བྱོལ་གྱི་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དེ་ཐོག་མར་སྤེལ་བ་ཡིན། ཞོར་དུ་དེ་དང་འབྲེལ་བའི་རྩོམ་ཡིག་དང་མི་རབས་གསར་པའི་བགྲོ་གླེང་སོགས་ལ་ཆ་ཤས་བླངས་པ་ཡིན།

སྐབས་དེ་དག་ཏུ་སྙིང་སྟོབས་དང་དྲང་ཚུགས་འཛིན་སྟངས། སྤྱི་ཚོགས་ལ་མགོ་སྐོར་གཏོང་མི་ཉན་པ་སོགས་སྐད་ཆ་བཤད་པས་མ་ཚད། མི་རབས་གསར་བར་འབོད་སྒྲ་དང་སྙིང་སྟོབས་དགོས་པ། ཡར་ལངས་ཏེ་འགན་འཁུར་དགོས་ཀྱི་ཡོད་པ་རེད། ང་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་ནག་གིས་བཤད་བཞིན་པའི་མི་རབས་གསར་བ་དང་གཏན་ནས་མི་འདྲ་བ་ཤེས་དགོས་སྐོར་བརྗོད་པ་ཡིན། ང་ཚོའི་འབོད་སྒྲ་དེ་ནི་གསར་བརྗེའི་འབོད་སྒྲ་མིན་པར་གསར་གཏོད་ཀྱི་འབོད་སྒྲ་ཡིན།

ང་ཚོར་གསར་གཏོད་ཀྱི་རྒྱུ་ཆ་མང་པོ་ཞིག་དགོས་པ་རེད། ང་ཚོའི་འཐབ་རྩོད་དེ་གསར་རྙིང་གི་ཐོབ་ཐང་དབར་གྱི་འཐབ་རྩོད་ཀྱི་འབོད་སྒྲ་ཞིག་རྩ་བ་ནས་མིན་པ་མི་རབས་གསར་པས་ཤེས་དགོས་པ་མ་ཟད། མི་རབས་རྒན་པས་ཀྱང་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་རེད་ཟེར། ཡང་ཁོང་གིས་དེ་རིང་ངའི་བརྗོད་གཞི་དེ་ང་ཚོའི་རེ་བ་དང་བཀའ་ཁྲིའི་འཇོན་ཐང་ཟེར་བ་དེ་རེད། ང་ཚོས་རེ་བ་ཟེར་བ་དེ་ང་ཚོས་བཀའ་ཁྲི་གང་འདྲ་ཞིག་ལ་རེ་བ་རྒྱག་དགོས་མིན་དེ་རེད།

ངས་བསམ་པར་མ་མཐར་ཡང་ང་ཚོས་ཁྱད་ཆོས་བཞི་དང་ལྡན་པའི་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་དགོས་ཀྱི་འདུག
དང་པོ།
ལྷན་སྐྱེས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་བསམ་བློའི་རང་བཞིན་ལྡན་པ།
གཉིས་པ།
སྦྱངས་སྟོབས་ཀྱི་ཡོན་ཏན་ཆེན་པོ་ལྡན་པ།
གསུམ་པ།
རྒྱལ་སྤྱིར་བསྟན་ཆོག་པ་དང་རྒྱ་ནག་ལ་ངོམ་ཆོག་པའི་གཞོན་སྐྱེས་ཤིག་དགོས་པ།
བཞི་པ། ང་ཚོས་བཙན་བྱོལ་བའི་དབུ་ཁྲིད་ཞིག་གདམ་དགོས་ཀྱི་ཡོད་པའི་ཆ་ནས་ང་ཚོའི་དབུ་ཁྲིད་དེ་ངེས་པར་དུ་བཙན་བྱོལ་བ་ཞིག་ཡིན་དགོས་ཀྱི་ཡོད་པ་རེད།

ང་ཚོས་དེ་འདྲའི་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་ཡོང་དུས་དེར་འཇོན་ཐང་དྲུག་ཚང་དགོས་ཀྱི་འདུག
དང་པོ།
བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་ངོས་འཛིན་ཐོག་དེར་བདག་པོ་རྒྱག་ཐུབ་མཁན་ཞིག་དང༌། ༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་མཁན་ཞིག
གཉིས་པ།
ང་ཚོའི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད། གཞིས་ལུས་མི་མང་ལ་དུས་རབས་དང་བསྟུན་ཏེ་འབྲེལ་ལམ་སླར་གསོ་ཐུབ་རྒྱུར་ནུས་པ་འདོན་ཐུབ་མཁན།
གསུམ་པ།
ཁ་གཏད་རྒྱ་ནག་གཞུང་ལ་སྒྲུབ་ཕྱོགས་ནས་འབྲེལ་བ་བྱེད་ཐུབ་པ་དང༌། དགག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས།
བཞི་པ།
ང་ཚོས་འཐབ་རྩོད་ཀྱི་ལས་འགུལ་མང་ཆེ་བ་ཞིག་ཁྱབ་བསྒྲགས་ཀྱི་ཐོག་ནས་འགྲོ་དགོས་དུས་རྒྱལ་སྤྱིའི་གོ་སྐབས་ཏག་ཏག་ལེན་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཞིག་འགྲོ་ཉེན་ཡོད་པས་དེར་ལྟ་རྟོག་ཐུབ་མཁན།
ལྔ་པ།
ང་ཚོའི་བཙན་བྱོལ་བསྟི་གནས་འཚོ་སྡོད་བྱེད་ས་དེ་རྒྱ་གར་ཆགས་བསྡད་ཡོད་དུས། རྒྱ་གར་གཞུང་གི་སྲིད་བྱུས་ལ་བསྟུན་པའི་ཐོག བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཏག་ཏག་ཅིག་སྒྲུབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་རེད།
དྲུག་པ།
ང་ཚོའི་གཞིས་ཆགས་ཁག་སྐྱོ་པོ་དེ་ཚོ་དང་དེ་བཞིན་དུ་གསར་འབྱོར་བ་དེ་ཚོར་འཛིན་སྐྱོང་དང་རིས་སུ་མ་ཆད་པའི་ལྟ་སྐྱོང་ཏག་ཏག་ཅིག་གནང་ཐུབ་མཁན་ཞིག་དགོས་ཀྱི་པ་རེད།

དེར་བརྟེན་ང་རང་གི་ངོས་ནས་བཀའ་ཁྲིའི་ཁྱད་ཆོས་བཞི་དང་འཇོན་ཐང་དྲུག་གི་ངོས་ནས་བལྟས་ཡོང་དུས་ད་ལྟའི་བཀའ་ཁྲིའི་འོས་གཞིའི་ནང་ནས་མཁས་དབང་བློ་བཟང་སེངྒེ་ལགས་འཚམ་ཤོས་ཆགས་འདུག་བསམས་ཀྱི་འདུག་ཅེས་གསུངས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།