རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་པར་རིས་འགྲེམས་སྟོན་བྱས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡༦ཉིན། དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་དུ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་པར་རིས་འགྲེམས་སྟོན་དང་། གློག་བརྙན་གཟིགས་འབུལ། མ་ཚད་སླེབས་ལ་ཉེ་བའི་འོས་བསྡུ་སྐོར་གོ་རྟོགས་ཡང་སྤེལ་སོང་།

དེ་རིང་ཞོགས་པ་ཆུ་ཚོད་༩པའི་ཐོག་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པ་ནས་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་དུ། བཙུན་དགོན་དང་གཞིས་གྲོང་ཁག་དགུའི་མི་མང་རྣམས་ལ་ལོ་༥༠བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་པར་རིས་འགྲེམས་སྟོན་དང་། ༼འཇིགས་བྲལ་༽ཞེས་པའི་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་སྐོར་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུས་སོང་།  སྐབས་དེར་བཙུན་མ་དང་ས་གནས་མི་མང་༣༠༠ལྷག་ཙམ་འདུ་འཛོམས་ཀྱིས་པར་རིས་དང་གློག་བརྙན་ལ་གཟིགས་ཞིབ་གནང་སོང་།

བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བཏང་བའི་མི་གསུམ་ནང་བཀྲ་ཤིས་ཕུན་ཚོགས་ལགས་སུ་གནས་ཚུལ་རྒྱུས་ལོན་བྱས་སྐབས། ཁོང་གིས་ལས་འགུལ་འདི་ནི་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་༢༠༠༩ལོ་ནས་འགོ་བརྩམས་པའི་ལྔ་བཅུ་དུས་དྲན་དང་འབྲེལ་བའི་ལས་འགུལ་ཞིག་རེད། འདི་ལོ་ཕྱི་ཟླ་༦པའི་ནང་དབུས་གཞིས་ཆགས་ཁག་༣་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་༥། ཞོར་དུ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་༣སྟེ། བྷན་ལོར་དང་། མའེ་སོར། གྷོ་ཝ་བཅས་སུ་པར་རིས་འགྲེམས་སྟོན་ཞུ་རྒྱུ་ཡིན།

འདི་འདྲའི་ལས་འགུལ་ཞིག་གོ་སྒྲིག་བྱེད་དགོས་དོན་དེ་བོད་པའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་། བཙན་བྱོལ་བོད་མིའི་ཡར་རྒྱས་ཀྱི་རྣམ་པ་ག་ཚོད་ཐོན་ཡོད་མེད། སྔོན་མར་རྒན་རབས་པ་ཚོས་དཀའ་ལས་ག་ཚོད་བརྒྱབ་ཡོད་མེད་དེ། བོད་པ་གཞོན་སྐྱེས་ཚོར་འགྲེལ་བརྗོད་དང་མི་རབས་རྒན་པ་ཚོའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཡིན། གཉིས་པ་དེ་བོད་དོན་གོ་རྟོགས་དང་ཁྱབ་བསྒྲགས་ཆེད་ལས་འགུལ་འདི་དབུ་འཛུགས་ཞུས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།

སྐབས་དེར་ཁོང་ཚོས་མི་མང་རྣམས་ལ་སླེབས་ལ་ཉེ་བའི་བཀའ་སྤྱིའི་འོས་འཕེན་དེ་མང་གཙོའི་ཁེ་དབང་ཞིག་ཡིན་དུས། གལ་ཆེ་དོན་ཆེ་བརྩིས་ནས་ཚང་མས་ངེས་པར་དུ་ཆ་ཤས་བླང་དགོས་པའི་འབོད་སྐུལ་ཡང་བྱས་སོང་།

ཐེངས་འདིར་འགྲེམས་སྟོན་བྱས་པའི་པར་རིས་གྲངས་༦༠ཙམ་འདུག་པ་དེ་སྡེ་ཚན་གཉིས་སུ་དབྱེ་འདུག
དེའི་ནང་རྒྱ་ནག་གཞུང་གི་བོད་ལ་བཙན་འཛུལ་ཇི་ལྟར་བྱས་མིན་དང་། གཏོར་བཤིགས་ཇི་ལྟར་བཏང་མིན་སྐོར་པར་རིས་གྲངས་༢༥དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་༥༠རིང་གི་བརྒྱུད་རིམ་དང་ཡར་རྒྱས་མཚོན་པའི་པར་རིས་གྲངས་༣༥ཙམ་འགྲེམས་སྟོན་བྱས་འདུག

ཕྱི་དྲོར་གཞིས་གྲོང་ཁག་གི་ཚོགས་ཁང་ནང་བོད་དོན་དང་འབྲེལ་བའི་གློག་བརྙན་ཁག་གཟིགས་འབུལ་ཞུ་རྒྱུ་རེད་འདུག་ལ། མ་ཚད་ཕྱི་ཚེས་༡༨ཉིན་དཔལ་ལྡན་འབྲས་སྤུངས་དགོན་པ་སོགས་དགོན་སྡེ་གྲྭ་ཚང་ཁག་ལའང་པར་རིས་དེ་དག་འགྲེམས་སྟོན་བྱ་རྒྱུ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཡག་པོ་འདུག་སངས་རྒྱས་ལགས



བརྗོད་གཞི་གཞན་ཁག་ལ་གཟིགས།