མིའི་ལུང་པའི་ནང་ཡིན་མདོག་མདོག་བྱེད་ནས་བསྡད་པ་ནི་ནོར་བ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡༥ཉིན། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོ་ལགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཅིངས་བཀྲོལ་བཏང་ནས་བཙོན་ཁང་བརྒྱ་ཕྲག་མང་པོ་འཛུགས་སྐྲུན་བྱས་ཡོད་པ་དང་། བོད་ལ་ཡར་རྒྱས་བཏང་ནས་ཕྱི་ལོ་༡༩༥༩ནས་བཟུང་བོད་མི་ལྟོ་ཤི་ཐེབས་པའི་ལོ་རྒྱུས་འགོ་བརྩམས་པ་རེད་ཅེས་གསུངས་སོང་།

དེ་ཡང་ཆབ་སྲིད་བཙོན་ཟུར་དང་རང་དབང་འཐབ་རྩོད་པ་དགའ་ལྡན་གྲྭ་བག་དྲོ་ལགས་རྒྱ་གར་ལྷོ་ཕྱོགས་སུ་དགོན་པ་དང་། གཞིས་ཆགས་ཁག དེ་བཞིན་སློབ་གྲྭ་ཁག་སོགས་སུ་བོད་ནང་དུ་དངོས་ཡོད་གནས་ཚུལ་ག་རེ་བྱུང་མིན་འགྲེལ་བརྗོད་གཏམ་བཤད་བྱེད་པར་ཕེབས་བཞིན་ཡོད་པའི་ནང་། ད་ལྟའི་ཆར་ཁོང་ཉིད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་དུ་ཕེབས་ནས།  དེ་རིང་ཕྱི་དྲ་ཆུ་ཚོད་༣པའི་ཐོག་མོན་གྷོ་གཏན་སློབ་ཏུ་དགེ་སློབ་ཡོངས་ལ་ཆུ་ཚོད་གཅིག་དང་ཕྱེད་ཀ་རིང་གཏམ་བཤད་གནང་སོང་།

སྐབས་དེར་ཁོང་གིས་དེ་རིང་འདིར་ངས་རེ་བ་ཞུ་རྒྱུ་ཞིག་ལ་ཁྱེད་རང་ཚོས་ཡག་པོ་ཉན་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ང་རང་རྒྱ་གར་ལ་ཡོང་དགོས་དོན་དེ་བོད་གཞིས་ལུས་མི་མང་གིས་མ་བཟའ་མ་འཐུང་ནས་བསགས་པའི་སྒོར་མོ་༡༥༠༠ཞིག་ང་ལ་སྤྲད་ནས་བོད་ཀྱི་གནས་སྟངས་དེ་ཕྱི་རྒྱལ་བོད་རིགས་སྤུན་ཟླ་དང་། ༧རྒྱལ་བ་རིན་པོ་ཆེ། བཙན་བྱོལ་བོད་གཞུང་། འཛམ་བུ་གླིང་བཅས་ལ་ཞུ་བར་བཏང་བྱུང་། ཁོང་ཚོར་སྡུག་ངན་དེ་འདྲ་ཞིག་མྱོང་དགོས་པའི་རྒྱུ་མཚན་དང་། བརྒྱུད་རིམ་བཅས་རིམ་པར་འགྲེལ་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

ཐོག་མར་ཁོང་གིས་བོད་ནི་ལོ་ངོ་སྟོང་ཕྲག་རིང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་གསུངས་དོན། ང་རང་ཚོ་ཕ་སྤྲེལ་རྒན་བྱམས་ཆུབ་སེམས་པ་དང་། མ་བྲག་སྲིན་ནས་བརྩིས་པའི་བྱུང་རིམ་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བརྩིས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ནང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོ་རེད། དེའི་རྒྱུ་མཚན་ནི། ང་རང་ཚོའི་སྐད་ཡིག་དང་། ཆས་གོས། ཡུལ་སྲོལ་གོམས་གཤིས་ཐ་དག་ནི་རྒྱ་མི་རིགས་དང་ཡོངས་སུ་ཐ་དད་རེད། མ་ཚད་སོ་སོའི་ལུང་པར་རྒྱལ་དར་ཡོད་པ་རེད། དངུལ་ལོ་ཡོད་པ་རེད། སྦྲག་འཛིན་ཡོད་པ་རེད། ཐམ་ག་ཡོད་པ་རེད། ཐ་ན་སྲོལ་རྒྱུན་གྱི་ཞིང་ལས་ཚུན་པའི་རྒྱ་མི་རིགས་དང་ཡོངས་སུ་ཐ་དད་རེད་ཅེས་གསུངས་སོང་།

དེ་ནས་ཁོང་གིས་བོད་འདི་ཤོར་སོང་བའི་རྒྱུ་མཚན་གསུངས་དོན། ང་ཚོའི་བོད་འདི་ཤོར་སོང་བའི་རྒྱུ་མཚན་ནི། གཅིག་ནི་ང་ཚོར་དེང་དུས་ཀྱི་སློབ་སྦྱོང་མེད་པ་དང་། གཉིས་ནི་དུས་དང་འཚམ་པའི་བསམ་བློ་བཏང་མ་ཐུབ་པ། གསུམ་ནི་ཆོས་བྱེད་མཁན་ཚོས་ཆོས་བྱེད་མ་ཤེས་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཐོག་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་གསུངས་སོང་།

ང་རང་ཚོར་སོ་སོའི་ལུང་པ་དེ་རག་ཐབས་གང་འདྲ་བྱེད་དགོས་མིན་གསུངས་དོན། ང་རང་ཚོས་སློབ་སྦྱོང་བྱེད་ནས་ལུང་པ་དེ་རག་ཐབས་བྱེད་དགོས་པ་ལས། སྲང་ལམ་དུ་སྐད་རྒྱག་ནས་ལུང་པ་དེ་རག་ཐབས་ཡོད་པ་མ་རེད། དེ་ནི་ལོ་རྒྱུས་དང་བྱ་སྤྱོད་ངོ་མའི་ཐོག་ནས་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད་ཟེར།

ཡང་ཁོང་གིས་རྒྱ་མིས་གཡོ་སྒྱུར་དང་། བཙན་ཤེད་འོག་བོད་ལ་བཙན་འཛུལ་ཇི་ལྟར་བྱས་མིན་སྐོར་གསུངས་དོན། རྒྱ་ཁབ་མང་པོར་དམག་འཛིང་ནས་བྱང་ཆུབ་པའི་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༤༩ལོར་དམག་སྡེ་ཨང་༡༨པ་ཟེར་བ་ཞིག་བཙུགས་ནས་བོད་ལ་བཙན་འཛུལ་བྱེད་པར་བཏང་ཡོད་པ་རེད། ཁོང་ཚོས་བོད་ལ་རོགས་པ་བྱེད་པར་བཏང་ཡོད་ཟེར་གྱི་ཡོད་པ་རེད། འོན་ཀྱང་བོད་ལ་རོགས་པ་བྱེད་མཁན་ཞིག་ཡིན་ན། བཏང་སྟངས་འདི་འདྲ་ཞིག་རེད་དམ། ཁོང་ཚོས་དང་པོ་ནས་གྲི་དང་མེད་མདའ་ཁྱེར་ཡོང་ནས་བོད་མི་གསོད་བཅོམ་བྱ་རྒྱུའི་གྲ་སྒྲིག་བྱས་ནས་ཡོང་ཡོད་པ་རེད།

ཕྱི་ལོ་༡༩༥༡ལོའི་ཟླ་༥པའི་ཚེས་༡ཉིན་༼གྲོས་མཐུན་དོན་ཚན་བཅུ་བདུན་༽ཟེར་བའི་ཡིག་ཆ་ནག་པོ་དེ་བཙན་ཤེད་ཀྱིས་བཞག་པ་རེད། ཡིག་ཆ་དེ་ནི་བོད་མི་མང་ལ་མགོ་སྐོར་གཏོང་ཡ་དང་། བོད་ཀྱི་དབུ་ཁྲིད་ལ་མགོ་སྐོར་གཏོང་ཡ། འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཡ། མ་འོངས་པར་རྙོག་དྲ་བཟོ་ཡ་བཅས་རེད་གསུངས་སོང་།

རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་ནས་མཇུག་འབྲས་ཇི་ལྟར་ཆགས་མིན་སྐོར་གསུངས་དོན།
སྔར་བོད་ལ་བཙོན་ཁང་གཉིས་མ་གཏོགས་ཡོད་པ་མ་རེད། ཞོད་བཙོན་ཁང་དང་སྣང་རྩེ་ཤག་གཉིས་རེད། ད་ལྟར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་བཅིངས་བཀྲོལ་བཏང་ནས་བཙོན་ཁང་བརྒྱ་ཕྲག་མང་པོ་འཛུགས་སྐྲུན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་འདི་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་རེད་ཟེར་གྱི་ཡོད་ཀྱང་དེའི་སྐབས་སུ་བོད་པར་ལྟོག་ཤི་ཐེབས་པའི་ལོ་རྒྱུས་བྱུང་ཡོད་པ་མ་རེད།

འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་མང་བཅིངས་བཀྲོལ་དང་ཡར་རྒྱས་བཏང་ནས། ཕྱི་ལོ་༡༩༥༩ནས་བཟུང་ལྷག་པར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། བོད་པ་ལྟོ་ཤི་ཐེབས་པའི་ལོ་རྒྱུས་ཞིག་འགོ་བརྩམས་པ་རེད།

དེ་ལས་ཐབས་སྡུག་པ་ཞིག་ལ་བོད་པའི་གནད་ཡོད་མི་སྣ་མང་པོ་དམར་བསད་བཏང་ནས། ཁོང་ཚོའི་རོ་སྦས་ས་ཕུང་ཐོག་ཕ་མ་དང་བུ་ཕྲུག་ཚོར་ཞབས་བྲོ་རྒྱག་བཅུག་པའི་གནས་ཚུལ་ཐོན་པ་རེད། དེ་ལ་བརྟེན་ནས་༧གོང་ས་མཆོག་དང་བོད་མི་འབུམ་ལྷག་མི་འདོད་བཞིན་དུ་སྐྱིད་པའི་ཕ་ཡུལ་དང་ཁ་བྲལ་ནས་མིའི་ལུང་པར་སྐྱབས་བཅོལ་འགྲོ་དགོས་བྱུང་བ་རེད་ཅེས་གསུངས་སོང་།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་སྲིད་ཇུས་འཛིན་གྱི་ཡོད་ཟེར་བ་ནི་སྐྱག་རྫུན་ཡིན་ཚུལ་གསུངས་དོན།
ང་རང་ཨ་རི་དང་ཡོ་རོབ་དེ་ཚོར་འགྲོ་དུས། མཐོ་རིམ་སློབ་གྲྭ་དེ་ཚོའི་ནང་རྒྱ་ནག་གཞུང་གིས་བཏང་བའི་རྒྱ་རིགས་སློབ་ཕྲུག་ཡོད་པ་ནང་བཞིན་བོད་པ་སློབ་ཕྲུག་མཐོང་རྒྱུ་མི་འདུག་ཨ། གུང་ཁྲན་ཏང་གིས་བོད་མི་རིགས་དང་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་སྲིད་ཇུས་འཛིན་གྱི་ཡོད་ཟེར་བ་ནི་སྐྱག་རྫུན་རེད།

འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། འཛམ་བུ་གླིང་གི་པུ་གུ་འདྲ་འདྲའི་སློབ་སྦྱོང་བྱེད་སར་འདི་ནས་གང་ལ་གང་འཚམ་གྱིས་བཏང་ཐུབ་ཡོད་པ་རེད། དེ་ནི་ཁོང་ཚོའི་གཟི་བརྗིད་རེད་ཅེས་གསུངས་སོང་།

ཁོང་ཉིད་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱ་རྒྱུའི་དམ་བཅའ་ཇི་ལྟར་བཞག་མིན་སྐོར་གསུངས་དོན།

ཕྱི་ལོ་༡༩༨༨ལོའི་ཟླ་༣པའི་ཚེས་༥ཉིན་བོད་མི་མང་པོས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ང་རང་ཡང་ཞི་རྒོལ་ནང་ཞུགས་རྒྱུའི་སེམས་ཐག་བཅད་པ་ཡིན། ང་རང་ལྷ་སར་མ་འགྲོའི་སྔོན་དུ་ཁྱིམ་ནང་ལ་ཡི་གེ་ཞིག་བཞག་པ་ཡིན།

ཡི་གེ་དེའི་ནང་ངས་ག་རེ་བྲིས་ཡོད་པ་རེད་ཟེར་ན། ༼ངའི་བརྩེའི་ཕ་མ་གཉིས་ལ་ཞུ་རྒྱུར། ང་རང་དེ་རིང་ཁང་པ་འདིའི་རྒྱལ་སྒོ་ནས་མར་དོན་འགྲོ་བཞིན་ཡོད། ང་རང་རྒྱལ་སྒོ་འདི་ནས་མར་དོན་ནས་ཤི་བར་འགྲོ་རྒྱུ་ཡིན། ང་ཤི་བར་འགྲོ་དགོས་དོན་དེ་བོད་མི་རིགས་དང་རྒྱལ་ཁབ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ནས་བོད་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་དུ་ཡིན། ལྷ་སའི་བར་སྐོར་ནང་ང་ཤི་འདུག་ཟེར་བ་ཞིག་གོ་སོང་ན། ཁྱེད་རང་ཚོས་གད་མོ་བགད་དགོས་པ་རེད། དགའ་དགོས་པ་རེད། ལུང་པའི་ནང་ངོ་གནོང་དགོས་པ་གང་ཡང་ཡོད་པ་མ་རེད། ང་ཁྱེད་རང་གཉིས་ཀྱིས་གསོས་པ་དེ་གོ་ཆོད་པ་རེད། ང་ཁྱེད་རང་གཉིས་ཀྱི་བུ་ཡིན་པ་དེ་གནམ་འདིའི་འོག་ལ་སྟོན་པར་འགྲོ་རྒྱུ་ཡིན། ཁྱེད་རང་གཉིས་སེམས་ཁྲལ་མ་བྱེད་དགའ་ནས་སྡོད་ཨ། གད་མོ་བགད་ནས་སྡོག་ཨ་༽ཅེས་བྲིས་པ་ཡིན།

ངས་དེ་འདྲ་བྱེད་དགོས་དོན་དེ་ང་རང་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་ཞིག་རེད། དེ་ག་རེའི་ཆེད་དུ་བྱས་པ་རེད། འགྲོ་བ་རིགས་དྲུག་མཐའ་ཡས་པའི་མ་རྒན་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད་དེ། སྔོན་ལ་སོ་སོའི་ཁྲག་རྒྱུན་གཅིག་པའི་བོད་མི་ས་ཡ་དྲུག་གི་ཆེད་དུ་ང་ཚོས་ལས་ཀ་བྱེད་དགོས་པ་རེད་ཅེས་གསུངས་སོང་།

ཕྱི་ལོ་༡༩༨༨ལོའི་ཕྱི་ཟླ་༣པའི་ཚེས་༥ཉིན་ལྷ་སའི་བར་སྐོར་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་ཀྱི་གནས་ཚུལ་གསུངས་དོན།
ཕྱི་ལོ་༡༩༨༨ལོའི་ཟླ་༣པའི་ཚེས་༥ཉིན་གྱི་ཞོགས་པར་ང་ཚོས་ལྷ་སའི་བར་སྐོར་ནང་། བོད་རང་བཙན་གཙང་མ་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོགས། རྒྱ་དམག་བོད་ནས་ལོག་དགོས་ཟེར་ནས་ཞི་བའི་སྐད་འབོད་བྱས་པ་ཡིན། ངའི་འཁྲིས་སུ་ཡོད་པའི་བུ་མོ་ལོ་༡༡ཅན་ཞིག་གི་སྙིང་ལ་མེ་མདའ་བརྒྱབ་ནས་བསད་སོང་། དེ་ག་རེའི་ཆེད་དུ་བསད་པ་རེད། དེ་བོད་མི་རིགས་ཀྱི་ཆེད་དུ་རེད། ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་ཁམས་གོ་འཇོ་ནས་ཡིན་པའི་མགོན་པོ་དཔལ་འབྱོར་གྱི་མགོ་ལ་མེ་མདའ་བརྒྱབ་ནས་བསད་སོང་།

ཉིན་གུང་ཆུ་ཚོད་༢པ་ཙམ་ནས་ཉེན་རྟོག་པ་དང་དམག་མི་ཚང་མ་གཙུག་ལག་ཁང་ནང་དུ་ཡར་འཛུལ་ནས། མི་མང་གི་ཆེད་དང་བཅིངས་བཀྲོལ་དམག་ཟེར་བ་དེས། ཁོང་རང་ཚོའི་སྲིད་དབང་མགོ་རྟིང་ལོག་ཡོང་བསམས་པའི་སེམས་ཁྲལ་གྱིས། སྤྱང་ཀི་སྨྱོན་པ་དང་། གླང་ཆེན་སྨྱོན་པ་ནང་བཞིན་བོད་པའི་སྟེང་མཆོང་ཡོང་གི་ཡོད་པ་རེད། གཙུག་ལག་ཁང་ནང་ཡོད་པའི་གྲྭ་པ་ལོ་༡༠དང་༡༡ཅན་དེ་ཚོར་ཡང་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པ་ཐོག་བརྩེགས་སུམ་ཐོག་ནས་མགོ་རྟིང་སློག་ནས་མར་གཡུག་ཡོང་གི་ཡོད་པ་རེད། དེ་ཚོའི་མགོ་བརྡབ་ནས་མིག་རིལ་དོན། རྐང་པ་ཆག ལག་པ་ཆག དེ་འདྲའི་ཡ་ངའི་གནས་ཚུལ་ཐོན་ཡོད་པ་རེད་ཅེས་གསུངས་སོང་།

ང་ཚོ་འདིར་མི་ཡུལ་ལུང་པའི་ནང་ཡིན་མདོག་མདོག་དང་ཡོད་མདོག་བྱེད་པ་ནི་ནོར་བ་ཞིག་ཡིན་ཚུལ་གསུངས་དོན། སྔོན་མར་རྒྱ་གར་ལྷོ་ཕྱོགས་སུ་རྒྱ་གར་གླ་བྱེད་རླངས་འཁོར་གཏོང་མཁན་དང་རྙོག་དྲ་བྱུང་བ་རེད། དེའི་སྐབས་སུ་རྒྱ་གར་ཉེན་རྟོག་པས་ཁྱེད་རང་ཚོར་ད་ལྟ་ཏཱ་ལའི་བླ་མ་ཡོད་པ་རེད། གང་ཡང་བྱེད་ཀྱི་མ་རེད་ལབ་བཞིན་ཡོད་པ་རེད། དེར་ང་ཚོས་གོ་བ་ལེན་དགོས་པ་རེད།

བོད་ནང་ལ་རི་ལིའི་ལྕགས་ལམ་བཟོས་ནས་རྒྱ་གར་གྱི་ཕྱོགས་བཞི་འཚམས་བརྒྱད་རྒྱ་ནག་གུང་ཁྲན་ཏང་དམག་གིས་བསྐོར་ཚར་ཡོད་པ་རེད། དེར་བརྟེན་ང་ཚོར་འདིར་ཁང་པ་ཡོད་མདོག་མདོག་དང་། དགོན་པ་ཡོད་མདོག་མདོག མོ་བཀྲ་ཞིག་ཡོད་མདོག་མདོག གསེར་གྱི་རྒྱན་ཆ་ཡོད་མདོག་མདོག་བྱས་པ་ནི་ནོར་བ་རེད། ༧རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཉིན་མོར་ཁག་པོ་ཆགས་ཀྱི་རེད། ང་ཚོ་བཙན་བྱོལ་བ་ཚང་མས་བསམ་བློ་གཏོང་དགོས་པ་རེད་ཅེས་གསུངས་སོང་།

དེར་འདུས་སློབ་ཕྲུག་རྣམས་ལ་ཁྱེད་རང་ཚོས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བྱས་ནས་སློབ་སྦྱོང་བྱེད་དགོས་སྐོར་དཔེ་མཚོན་དང་སྦྱར་ནས་གསུངས་དོན།

ཁྱེད་རང་ཚོས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་ཧུར་ཐག་བྱས་ནས་རྒྱ་ནག་གུང་ཁྲན་ཏང་གི་སློབ་ཕྲུག་ལས་སྔོན་ལ་སླེབས་ཐུབ་པ་བྱེད་དགོས་པ་རེད། སྔོན་མར་རྗེ་བཙུན་མི་ལའི་ཨ་མས་ང་རང་མ་བུ་གཉིས་འ་ཆད་འུ་ཐུག་ནས་མཐུ་སྦྱོང་གི་ཡོད་པ་རེད། ཁོང་ཚོས་སྐྱིད་ཅིང་རྒྱག་ནས་མཐུ་སྦྱོང་གི་ཡོད་པ་རེད། དེར་བརྟེན་ཁྱེད་རང་འདྲ་འདྲའི་ནང་ནས་མི་འདྲ་བ་བྱོས་ཟེར་ནས་རྗེ་བཙུན་མི་ལའི་ཨ་མས་བསླབ་བྱ་བརྒྱབ་པ་རེད།

ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་དུ་བྱེད་དགོས་པ་རེད། ན་ནིང་༧གོང་ས་མཆོག་གིས་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ནའང་གཏོང་ཡིག་འབྲི་ཤེས་ཀྱི་མི་འདུག་ཅེས་གསུངས་ཡོད་པ་རེད། ངས་ལག་གཉིས་ཐལ་མོ་སྦྱར་ནས། པུས་མོ་གཉིས་ས་ལ་བཙུགས་ནས་ཁྱེད་རང་ཚོས་སློབ་སྦྱོང་ཧུར་ཐག་བྱེད་རོགས་ཞེས་ཞུ་བ་རྒྱག་བཞིན་ཡོད་ཅེས་གསུངས་སོང་།

མོན་གྷོ་གཏན་སློབ་ནང་ད་ལྟའི་ཆར་སྔོན་འགྲོ་དང་། འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་ཆ་ཚང་བརྩིས་པ་ཡིན་ན། ཁྱོན་སློབ་མ་གྲངས་༩༧༡ཙམ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དངོས་གནས་ང་ཚོ་ནམ་ཡང་སྐྱར་ལྷོད་གཡེངས་སུ་སོང་ན། རྗེས་ལུས་ནས་རྗེས་ལུས། མུན་ནག་ནས་མུན་ནག་ལ་བསྐྱོད་དགོས་ཐུག་གི་རེད་ཟེར་བ་དེ་ཡིན། ཕར་བལྟས་ན་འདྲ་ཆགས་མདོག་མདོག ཡིན་ལ་ལ་འདྲ་བའི་ཕྱི་སྡོད་བོད་མི་དང་། ཚུལ་བསམ་ན་ཆོས་བྱེད་དག་དག་དང་རེ་སྨོན་ཏགཏག་བྱེད་མཁན་གཞི་ལུས་བོད་མི་གཉིས་ནམ་ཡང་སེམས་ཀྱི་གོ་རྟོགས་མ་སད་བར་དུ་རྐང་ལམ་འདེར་ད་དུང་མི་བསྐྱོད་པའི་ངེས་པ་ཅི་ཡོད། བོད་པ་ཚོ། ཧྲི་ཞིག་བསྒྲིམ་དང་། འུ་ཚོ་མདུན་ལ་ལྷག་ཡོད་པའི་གནད་དོན་མང་པོ་འདུག་ཨ།



བརྗོད་གཞི་གཞན་ཁག་ལ་གཟིགས།