ལས་ཀ་ཚང་མ་༧གོང་ས་མཆོག་གི་མགོར་གཡུག་རྩིས་བྱེད་ཀྱི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡༣ཉིན། ༧གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་གྱིས་ཞེས་ཞུ་བ་དེ་ཡང་དག་པ་ཞིག་རེད། འོན་ཀྱང་ལས་ཀ་ཚང་མ་༧གོང་ས་མཆོག་གི་མགོར་གཡུག་རྩིས་བྱེད་ཀྱི་འདུག་ཨ། དེ་ནི་དཔེ་མི་སྲིད་པའི་ཐབས་སྡུག་རེད་ཅེས་དགའ་ལྡན་གྲྭ་བག་དྲོ་ལགས་ཀྱིས་གསུངས་སོང་།

དེ་ཡང་ཆབ་སྲིད་བཙོན་ཟུར་དང་རང་དབང་འཐབ་རྩོད་པ་དགའ་ལྡན་གྲྭ་བག་དྲོ་ལགས་སུ། ཕྱི་ལོ་༢༠༡༠བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བཅར་འདྲི་བྱས་པར་ཁོང་གིས། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་ནང་བཞིན་སྐབས་རེ་སྐབས་རེ་ཚང་མ་རུབ་རུབ་བྱས་ནས་ཚོགས་འདུ་ཚོགས་གོ་སྡུར་བྱེད། གནས་ཚུལ་གང་ཡིན་རུང་རྒྱབ་ཏུ་བཤད་ནས་མ་བསྡད་པ་བཤད་རྒྱུ་གང་ཡོད་པ་དེ་མདུན་ལ་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་ཐུབ་པ་ཡིན་ན། མ་འོངས་པར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་། བོད་པའི་མཐུན་སྒྲིལ་ལའང་ཕན་ཐོག་ཡོང་གི་རེད།

ཐེངས་འདིར་ཕྱི་ལོ་༢༠༡༠ཟླ་༨ཚེས་༢༦ནས་བཟུང་ཉིན་ཁ་ཤས་རིང་ཚོགས་ཆེན་ཚོགས་པ་དེ། ང་རང་ཡིན་ན་སོ་སོ་དང་བླངས་ཐོག་དུས་རྒྱུན་དུ་གང་ཐུབ་ཐུབ་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་འདྲ་སྤེལ་བ་དེར་བོད་གཞུང་གི་ངོས་འཛིན་ཐོབ་ནས་ཐེངས་འདིར་གོ་སྐབས་ཐོབ་སོང་། མ་ཚད་ཚོགས་ཆེན་ཐོག་སོ་སོར་བསམ་ཚུལ་གང་ཡོད་པ་དེ་འདོད་པ་གང་བ་ཞིག་བཤད་རྒྱུའི་གོ་སྐབས་ཐོབ་སོང་།

དེ་རིང་འདིར་༧སྐྱབས་མགོན་རིན་པོ་ཆེས་གསུངས་ཚར་ཙམ་རེད། ཁོང་རང་འདི་ལོར་དགུངས་གྲངས་༧༦རེད། དེ་འདྲ་ཡིན་དུས་ང་རང་ཚོ་གཞོན་སྐྱེས་ཚོས་བོད་སྤྱི་པའི་རྩ་དོན་ཐོག་འགན་ཁྱེར་དགོས་པ་རེད་ཅེས་བཀའ་གནང་སོང་ལ། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཀྱང་འགན་ཁྱེར་དགོས་པ་དེ་དུས་ལ་བབ་ཡོད་པ་རེད།

ང་ཚོར་དེང་དུས་ཀྱི་ཤེས་ཡོན་རག་ཡོད་པ་དེ་འདྲ་མང་པོ་ཡོད་པ་རེད། ལྷག་པར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པས་དེ་ལས་ལྷག་པའི་འགན་ཁྱེར་ནས། འབྱུང་འགྱུར་བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། ལྷག་པར་དུ་བོད་ནང་དུ་གཞིས་ལུས་མི་མང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཉིན་མཚན་ཆོད་དཀའ་བ་མྱོང་བཞིན་པ་དེ་ཚོའི་དཀའ་ངལ་སེལ་དགོས་པ་དེ་ང་རང་ངོས་ནས་གལ་ཆེན་པོ་མཐོང་སོང་།

དམིགས་བསལ་ཚོགས་ཆེན་ནང་ལ་ཚང་མས་མང་པོ་ཞིག་བཤད་སོང་། བཤད་པ་ནང་བཞིན་ལག་ལེན་བྱེད་དགོས་པ་རེད། ཐེངས་འདིར་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་བཞག་པ་ཙམ་གྱིས་འགྲིག་གི་མ་རེད། ཚང་མ་ལག་ལེན་སྐྱེལ་ནས་ཐེངས་འདིར་༧རྒྱལ་བ་རིན་པོ་ཆེས་བཀའ་ག་རེ་གནང་ཡོད་པ་རེད། བོད་ནང་དུ་མི་མང་ག་ཚོད་དཀའ་སྡུག་མྱོང་བཞིན་ཡོད་པ་རེད། དེར་བརྟེན་ལག་ལེན་བསྟར་དགོས་པ་དེ་གལ་ཆེན་པོ་རེད། གྲོས་ཆོད་བཞག་པ་ཙམ་གྱིས་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད།

ཡང་ཁོང་གིས་བརྗོད་གཞི་ལ་ཆགས་བཞག་ན་ང་རང་ཚོགས་ཞུགས་བྱེད་སའི་ཚོགས་ཆུང་༼ཅ་༽པ་རེད། ཚོགས་ཆུང་ཅ་པ་དེའི་བརྗོད་གཞི་ནི་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་སྲ་བརྟན་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་དེ་འདྲའི་སྐོར་རེད།

ངས་ཁ་ཉིན་ཚོགས་ཆེན་ཐོག་ང་རང་གི་སྤྱི་ཚོགས་ནང་ལ་ཞིབ་འཇུག་གི་ཐོག་ནས་རྒྱ་ནག་གི་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་ཡོད་པ་མ་རེད་ཅེས་ཐག་བཅད་ནས་བཤད་པ་ཡིན།

དེ་འདྲ་ཡིན་དུས་སྔོ་མར་བོད་ནང་དུ་རི་ལི་ལྕགས་ལམ་བཟོས་པ་རེད། ལྕགས་ལམ་མ་བཟོས་པའི་སྔོན་དུ་ལྕགས་ལམ་བཟོ་ཐུབ་ཀྱི་མ་རེད། བོད་ཀྱི་བྲག་རི་མཐོ་པོ་དེ་དག་གུང་ཁྲན་ཏང་གིས་གཏོར་ཐུབ་ཀྱི་མ་རེད་ཅེས་བཤད་པ་རེད། མཐའ་མ་དེར་རི་ལི་ལྕགས་ལམ་བཟོས་མ་ཚད་པོ་ཏཱ་ལའི་མདུན་དུ་བསྐྱལ་བ་རེད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན་བོད་པའི་སྤྱི་ཚོགས་ནང་ང་ཚོ་བོད་མི་དེ་ཚོར་རྒྱ་ནག་གི་ཆབ་སྲིད་ལ་རྒྱུས་མངའ་མེད་པ། ཉམས་ཞིབ་མཐིལ་ཕྱིན་པ་ཞིག་མེད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ངས་ཚོགས་ཆེན་ནང་ཞུས་པ་ཡིན།

ཕྱི་འབྲེལ་ལས་ཁུངས་ཀྱི་ཉམས་ཞིབ་རྒྱ་སྐད་སྡེ་ཚན་དང་། བོད་གཞུང་བདེ་སྲུང་ཉམས་ཞིབ་དེ་ཚོ་ངེས་པར་དུ་ཡར་རྒྱས་བཏང་ནས། རྒྱ་ནག་གཞུང་གིས་ག་རེ་ག་རེ་བྱེད་བཞིན་ཡོད་པ་རེད་ལྟ་དགོས་པ་རེད། ང་ཚོས་རྒྱ་ནག་གཞུང་གིས་འཆར་གཞི་གཏིང་། ཚང་མ་ཚར་ཚར་དུས་ལས་འགུལ་སྤེལ་བ་དེ་འགྲིག་གི་མི་འདུག སྔོན་ནས་ང་ཚོས་ལས་འགུལ་སྤེལ་ནས་སྐད་འབོད་བརྒྱབ་པ་ཡིན་ན། བོད་ནང་ད་ལྟ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་པའི་སྲིད་ཇུས་དེ་དག་བཀག་ཐུབ་ཀྱི་རེད།

དཔེར་ན། སྔོན་མ་ཨ་མདོ་ས་ཁུལ་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར། ལས་ཀ་འགོ་འཛུགས་མ་བྱས་པའི་སྔོན་ནས་ང་ཚོས་སྐད་བརྒྱབ་ནས་བཀག་ཐུབ་པ་རེད་ཟེར། དེའི་རྗེས་ལ་རི་ལིའི་ལྕགས་ལམ་བཟོས་པ་རེད། མངའ་རིས་ལ་གནམ་ཐང་བཟོས་པ་རེད། ད་ལྟ་གཞིས་ཀ་རྩེ་ལ་གནམ་ཐང་རྒྱག་བཞིན་པ་རེད། ཨ་མདོ་ཧོར་ཙང་ལ་ཨ་འདམ་བཟོ་གྲྭ་འཛུགས་ནས་གནས་ཚུལ་ཛ་དྲག་པོ་ཆགས་ཡོད་པ་རེད།

དེ་བཞིན་དུ་སྨར་ཁམས་ལ་གཏེར་ཁ་སྔོག་བཞིན་ཡོད་པ་རེད། མལ་དྲོ་གུང་དཀར་ལ་གཏེར་ཁ་སྔོག་བཞིན་ཡོད་པ་རེད། པོ་ཏཱ་ལའི་འོག་ཏུ་གཏེར་ཀ་སྔོག་བཞིན་ཡོད་པ་རེད། དེ་ཚོའི་བརྒྱུད་རིམ་ཐོག་ནས་བལྟས་ན་ང་ཚོར་རྒྱ་ནག་གཞུང་གི་ཆབ་སྲིད་ལ་རྒྱུས་མངའ་མེད་པ། ཉམས་ཞིབ་མཐིལ་ཕྱིན་པ་མེད་པ་སོགས་ད་ལྟ་བོད་ཀྱི་གནད་དོན་དེ་འཆི་དང་གསོན་གྱི་མཚམས་སུ་སླེབས་ཡོད་པ་རེད་ཅེས་ངས་ལབ་པ་ཡིན།

ཐེངས་འདིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ཐུག་འགན་ཡོངས་རྫོགས་སླར་ཡང་བཞེས་རོགས། ཕྱེད་བགྲེས་ཡོལ་གྱི་བཀའ་མོལ་ནམ་ཡང་མི་གསུང་རྒྱུ་མཁྱེན་ཅེས་ཞུས་པ་དེའི་སྐོར་དགོངས་ཚུལ་ག་རེ་བྱུང་སོང་ཞེས་དྲིས་དུས།
ཁོང་གིས་༧གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་གྱིས་ཞེས་ཞུ་བ་དེ་ཡང་དག་པ་ཞིག་རེད། འོན་ཀྱང་ལས་ཀ་ཚང་མ་༧གོང་ས་མཆོག་གི་མགོར་གཡུག་རྩིས་བྱེད་ཀྱི་འདུག་ཨ། དེ་ནི་དཔེ་མི་སྲིད་པའི་ཐབས་སྡུག་རེད། ང་ཚོས་བཀའ་བློན་ཁྲི་པ་ག་རེ་བྱས་ནས་བསྐོས་པ་རེད། སྤྱི་འཐུས་དེ་ཚོ་ག་རེ་བྱས་ནས་བསྐོས་པ་རེད། ཁོང་ཚོས་འགན་ཁྱེར་དགོས་པ་རེད། ཚང་མ་༧རྒྱལ་བ་རིན་པོ་ཆེས་གནང་རོགས་གྱིས་ཞེས་ངུས་ནས་ཡར་རྐྱང་རྐྱང་ཕུལ་བ་ཡིན་ན་བྱབ་ཆུང་རེད། ལས་ཀ་བྱེད་དགོས་པ་རེད། ལས་ཀ་བྱས་པ་ཡིན་ན་སྐུ་མདུན་ཐུགས་མཉེས་ཀྱི་རེད། བསྟན་བཞུགས་བཀྱག་པ་ལས་བཀའ་གསུང་ཅི་སྒྲུབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ངས་ཁ་སང་ཚོགས་འདུའི་ནང་ལབ་པ་ཡིན།

ད་དུང་༧གོང་ས་མཆོག་ལ་རྒྱལ་སྲིད་ཆོས་སྲིད་བཞེས་རོགས་གྱིས་ཅེས་ཞུ་ནས། ང་ཚོས་ལོ་རེར་ཚོགས་འདུ་ཙམ་ཚོགས་ནས་བསྡད་པ་ཡིན་ན། ལ་དག་རྒྱུ་མེད་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད།

ཡང་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་དང་ཁོང་ཚོར་འོས་ཤོག་ཐེངས་གཉིས་བླུགས་ཆོག་མིན་སྐོར་བཅར་འདྲི་ཞུས་དུས།
ཁོང་གིས་ཆོས་བརྒྱུད་ཁག་གིས་འོས་ཤོག་གཉིས་བླུགས་ཆོག་གི་མ་རེད་ཟེར་བ་དེའི་སྐོར་ཚོགས་འདུ་ཐོག་གླེང་སློང་ཤུགས་ཆེན་པོ་བྱུང་བ་རེད་ལ། ང་ཚོའི་ཚོགས་ཆུང་ནང་ལའང་རྩོད་པ་དེ་འདྲ་ཐུག་སོང་། ན་ནིང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་ཞབས་འདྲེན་མང་པོ་ཞུས་པ་རེད། དངོས་གནས་ལུས་ལ་གྲྭ་ཆས་གྱོན་ནས་གྲོས་ཚོགས་ནང་ལ་ངར་པོ་བྱེད་ནས་མར་དོན་པ་དེ་ཞབས་འདྲེན་ཞིག་རེད་བསམས་ཀྱི་འདུག དེའི་རྐྱེན་པས་དགྲ་དགའ་གཉེན་སྡུག་བཟོས་པ་རེད། ད་ལྟ་སྐུ་མདུན་གྱིས་གསུངས་སོང་། དངོས་གནས་ཆོས་བརྒྱུད་ཀྱིས་དེ་འདྲ་བྱས་པ་ཡིན་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་མེད་ན་ཡག་ས་རེད་བསམས་ཀྱི་འདུག

ངས་ཁ་ཉིན་ཚོགས་འདུ་ཐོག་ལབ་པ་ཡིན། ཡོད་ན་ཡོད་པ་ནང་བཞིན་ལུས་ཀྱི་གནམ་འགྱུར་སྟོན་སྟངས་དང་། ངག་གི་གནམ་འགྱུར་སྟོན་སྟངས་སོགས་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་གྱི་དབྱེ་བ་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། ངས་ཁ་སང་ཚོགས་འདུའི་ནང་བཤད་པ་ཡིན། ང་ནི་ཨ་མདོ་མིན། ཁམས་པ་མིན། དབུས་པ་མིན། ང་བོད་པ་ཞིག་ཡིན་ཞེས་བཤད་པ་ཡིན།

དེའི་ཐོག་ནས་སུ་ལ་དཀའ་ངལ་འཕྲད་པ་ཡིན་ན། དེའི་རྒྱབ་ལ་ལང་ནས་ང་དགའ་ལྡན་གྲྭ་བག་དྲོ་ཆབ་སྲིད་བཙོན་པ་ཟུར་པ་ཞིག་དང་། ཕྱི་རྒྱལ་ལ་མ་ཕྱིན་པ་བོད་ནང་གི་མིང་མང་གིས་སྒོར་མོ་༡༥༠༠སྤྲད་ནས་ང་དྷ་རམ་ས་ལར་བཏང་བྱུང་། བཏང་བ་ནང་བཞིན་ང་དྷ་རམ་ས་ལར་བསྡད་ནས་མུ་མཐུས་ནས་ལས་འགུལ་སྤེལ་བ་དེ་འདྲ་ཡིན། ནང་སྐྱོ་པོ་ཡིན། འོན་ཀྱང་སྒོར་མོར་གང་ཡང་མ་བརྩིས་པ་སྤྱི་པའི་རྩ་དོན་དེ་གལ་ཆེན་པོ་བརྩིས་ནས་བསྡད་པ་ཡིན།

ཁོ་རང་ཚོས་དེ་ལས་ལྷག་པ་བྱེད་དགོས་པ་རེད། མིང་མང་གིས་ཡིད་ཆེས་བློས་བཀལ་ནས་བསྐོས་པའི་མི་ཞིག་གིས་གྲོས་ཚོགས་ནང་རྣམ་འགྱུར་དང་སྤྱོད་པ་དེ་འདྲ་ཞིག་ཁྱེར་བ་ཡིན་ན། གང་འདྲ་ཆགས་སོང་། བོད་ནང་ལ་བོད་མི་དེ་ཚོའི་སེམས་ག་ཚོད་སྡུག་གི་རེད། རྒྱ་མིས་བེད་སྤྱོད་ལོག་པ་མང་པོ་ཞིག་གཏོང་བཞིན་ཡོད་པ་རེད། དེ་འདྲའི་སྐོར་གླེང་སློང་མང་པོ་ཞིག་བྱུང་སོང་། ད་ལྟའི་བྱེད་སྟངས་དེ་ནང་བཞིན་བྱས་པ་ཡིན་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་ཡོད་པ་ལས་མེད་ན་ཡག་ས་རེད་བསམས་སོང་ཞེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཀརྨ་རྒྱ་མཚོ་ཞེས་པ་ནས་གཏམས་གླེང་སྐབས་རང་མགོ་་གང་ཐོན་རང་ལ་བྱས་རྗེས་སྤུ་རྩེ་ཙམ་མེད་པ་ཀ་ན་ད་གནས་སྡོད་བཀྲ་ཤིས་སྟོབས་རྒྱས་ནས་ཁུངས་ལུང་་གང་ཡང་མེད་པ་མཚན་སྙན་ཉི་ཟླ་ལྟར་འབར་བཞིན་པ་ཉི་ཤར་སྦར་མོའི་ཀྱང་བཀབ་ཐབས་མེད་པ་མི་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྟོང་གཏམས་དང་བོད་གཞུང་ལའང་སྐྱོན་བརྗོད་ཚད་འགལ་བྱས་སོང་བ་་འགག་པ་ཐ་གཅིག་ཏུ་རྒྱབ་གི་ཡོད་ཁ་ནས་ཐོན་གསུམ་བཅོ་་བརྒྱད་བཤད་གྲགས་ན་ཉིན་གཅིག་སྲོག་ལའང་ཉན་ཁ་ཡོང་མི་སྲིད་པ་མ་རེད་དེ་་བས་རང་ཁ་རང་གི་བདག་པོ་རྒྱབ་རྒྱུ་ཤིན་ཏུ་གལ་ཆེ་བ་ཞེས་བརྡ་ཙམ་ཡིན་
ཞོར་དུ་འདིར་གསུང་ཞིག་དྲངས་ན། བསྒྲུབ་ན་ཁྱིམ་དུ་གནས་ཀྱང་ཐར་པ་ཡོད། ། རྒྱ་བོད་མཁས་གྲུབ་མར་པ་ལ་སོགས་བཞིན། ། མ་བསྒྲུབ་རི་མགོར་གནས་ཀྱང་ངན་སོང་རྒྱུ། ། འཕྱི་བ་ཁུང་གི་ནང་དུ་མཚམས་བཅད་བཞིན། ། གསུང་པ་དེ་ཅིས་མ་མདེན། དེང་སང་ཞིབ་རྩིས་བརྒྱབ་མཁན་ཞིག་ཡོད་ན། མི་ཚེ་རི་ལ་སྐྱེལ། རི་དྭགས་ངོ་མི་ཤེས་མཁན་དེ་འདྲ་ཧ་ཅང་མང་ཚོད། དགོན་པའི་ནང་ལོ་བཅུ་ཕྲག་མང་པོ་བཞུགས་ཀྱང་སྤྱིར་བཏང་ཆེས་སླ་བའི་ཆོས་ཀྱི་རྨང་གཞི་ཤེས་བྱའང་མགོ་མི་ཚོས་མཁན་དང་། མི་ཡི་རྒྱུ་དག་བྱུང་ཁུངས་ཁྱིམ་པ་མི་ནག་ལས་སྐྱོ་བ་དེ་འདྲ་མཐོང་རྒྱུ་མང་ཚོད་རེད། དགོས་པའི་ཡོན་ཏན་དད་བརྩོན་སྙིང་རྗེ་རྣམ་དཔྱོད་སོགས་མེད་པར། མི་དགོས་པའི་ཕྱོགས་རིས་འཐེན་འཁྱེར་ལུང་པ་གང་འཚར་ནས་གང་ཡོང་། ཕལ་ཆེར་བླ་མ་རིན་པོ་ཆེ་ལས་ཆོས་གསན་མང་དྲགས་ནས། རྣ་ཅོག་ལེབ་ལེབ་ཆགས་པ་མིན་འགྲོ། ཨུ་ཧུ་ལགས།
གཞོན་སྐྱེས་གང་མང་སྐྱེས་བསྲེངས་དགོས་ན་འཁྲིག་པ་གཅོད་པ་དང་སྨན་དང་རྫས་གང་བྱུང་བེད་སྤྱོད་བྱེད་རྒྱུར་བཀག་བསྡོམས་དགོས། རྒྱལ་སྤྱིའི་ནང་ཧ་ཅང་སྐད་གྲགས་ཅན་གྱི་འཇུ་མི་རིགས་དང་ཁ་ཕྱི་དེ་དག་མི་རིགས་སྤེལ་རྒྱུར་དགའ་སྣང་དང་དོ་སྣང་དེ་བྱེད་དགོས་དོན་གཙོ་བོ་མི་འབོར་སྤེལ་ནས་འཕེལ་བ་དེ་ལ་རག་ལས་ཡོད། ཉེ་ཆར་བཀའ་ཁྲི་རིན་པོ་ཆེས་མི་འབོར་ཞིབ་རྩིས་ཀྱི་སྙན་ཐོ་ཞིག་གཏོན་གནང་མཛད་ཡོད་པས་དེ་ལ་དོ་སྣང་མང་ཙམ་དང་ལྷག་པར་དུ་གྲྭ་པ་མང་བ་ལས་ཆོས་པ་མང་བ་གལ་ཆེ་བོད་ཀྱི་ཆོས་དང་རིག་གཞུང་མི་རྐྱ་ཆོས་པ་བྱེད་ནས་མི་ཡོང་ཨེ་ཡིན་དེ་ལ་བསམ་བློ་ཞིག་གཏོང་དགོས། སྤྱི་ཚོགས་ནང་གྲྭ་པ་དགོན་པར་གནས་པའི་ཚད་ཞིག་བཟུང་དགོས་མི་འབོར་ལ་ཞིག་སྟེ་གྲྭ་མ་གྲྭ་ཚད་རྒྱབ་དགོས་དེ་ལས་སློབ་གྲྭ་དང་མི་རྐྱ་ཆོས་པའི་སྤྱི་ཚོགས་ལ་འབད་ན་མི་སྲིད་པ་ཨེ་ཡིན།། བསྟན་གྲྭ་མིན་བསྟན་དང་འགྲོ་བ་རིག་གཞུང་ཚང་མར་ཞེན་ཏེ་ཐལ་སོང་།
སྤྱི་ཚོགས་ཀྱི་འགྱུར་བ་ནི་དུས་ཀྱི་གོམ་བགྲོད་དང་མཉམ་དུ་འགྲོ་དགོས་པ་ནི་ཧ་ཅང་གལ་ཆེ། བཙན་བྱོལ་བོད་མི་རྣམས་དུས་ཚོད་མང་པོ་ཞིག་བཀའ་ཁྲིའི་སྐོར་ལ་བགྲོ་གླེང་གནང་བཞིན་པ་དེ་སྤྱི་ཚོགས་ནང་མངོན་གསལ་འདོད་པོས་ཤེས་ཐུབ་། འོན་ཀྱང་བཀའ་སྤྱི་གཉིས་ལས་སྤྱི་འཐུས་འོས་མི་དེ་དག་གལ་ཆེ་བས་དེ་ལའང་དོ་སྣང་མང་ཙམ་གནང་ཞེས་འབུལ་བསྐུལ་ཞུ། ཉེ་ཆར་སྤྱི་འཐུས་ཧམ་སེམས་ཅན་འགས་ཁྲིམས་ལ་འགྱུར་བཅོས་བྱེད་རྩིས་བྱས་ཟིན་ལྷག་པར་དུ་གྲོས་ཚོགས་ཀྱི་ལས་ཡུན་ཡང་ཐེངས་གཉིས་ལས་མང་བ་དེ་མི་ཡག་པ་གསལ་པོ་མཁྱེན་ཡོད། གང་ཡིན་ཟེར་ན་སྐབས་རེ་ང་ལོ་ངོ་གསུམ་བཅུ་ཅམ་སྤྱི་འཐུས་བྱས་ཡིན་ཞེས་ངོམས་པ་ལས་ངས་སྤྱི་པའི་ལས་ཀ་དེ་བྱས་ཡིན་ཞེས་བཤད་རྒྱུ་ནི་མིན་འདུག་དེ་ལས་ལྡོག་སྟེ་གཞོན་སྐྱེས་དང་ལྷག་བསམ་ཅན་རྒན་པ་རྣམས་ལ་ཕུལ་ན་མི་ལེགས་སམ།།
གཙོ་བོ་ནི་མི་གྲིབ་མི་འཚར་ལྟ་བུ་མ་ཡིན་པར། རང་རང་ལ་རྣམ་དཔྱོད་དང་འཇོན་ནུས་ཡོད་མཁན་གང་མང་བསྐྱེད་བསྲིང་དགོས་རྒྱུ་གལ་ཆེན་པོ་ཡིན་སྙམ། མི་གྲིབ་མི་འཚར་དུ་སོང་ན། དགོས་པ་དང་དཀའ་ཁག དུས་ལ་བབ་དུས་གང་ཡང་མི་འཇོན་མི་ནུས་མཁན་ཞིག་ཏུ་འགྱུར་བའི་ཉེན་ཁ་ཡོད་དོ།
བོད་ཀྱི་བཀའ་ཁྲི་ནི་ྋགོང་ས་མཆོག་གི་དགོངས་པ་དེ་མི་མང་དང་རྒྱལ་སྤྱིའི་ཁོར་ཡུག་ནང་གོ་བརྡ་གསལ་བོ་གནང་མཁན་ཞིག་དགོས་་པ་དེ་གལ་ཆེ་ཤོས་རེད།
ཁོང་རིན་པོ་ཆེ་ལ་ཆོས་ཕྱོགས་ཀྱི་འགན་གཙོ་བོ་མུ་མཐུད་བཞེས་རོགས་ཞུས་ན་ད་དུང་ཡིན་འགྲོ། བཀའ་བློན་ཁྲི་པས་ག་རེ་བྱེད་དགོས་རེད། བཀའ་བློན་ཁྲི་པ་ཟེར་ན་གཙོ་བོ་སྲིད་ཀྱི་ལས་ཀ་བྱེད་མཁན་མ་རེད་དམ།
ངོ་མ་བྱས་ན་ད་ལྟའི་ཆ་རྐྱེན་བཟང་པོ་འདི་དང་བསྟུན་ནས། གང་མགྱོགས་གང་སྔས་ཆོས་སྲིད་གཉིས་ཀྱི་འགན་མཚམས་སྤྱིར་ཁ་ཁ་སོ་སོར་དབྱེ་བ་ཕྱེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ཕྱི་རྐྱེན་དང་ནང་རྐྱེན། དགོས་པ་དང་དགག་བྱ་ཚང་མ་ཚང་ནས་ཡོད་པ་རེད།
2 ༡༥༢༠༡༠༡༨༥༣
ལོ་བརྒྱད་ཅུར་ཉེ་བའི་སྤོ་བོ་ཞིག་ལ། ད་དུང་ལས་ཀ་ཡོད་ཚད་ཁྱེད་ཀྱིས་ལས་རོགས་གྱིས། ་ ་་ཡོངས་རྫོགས་སླར་ཡང་བཞེས་རོགས། ང་ཚོ་མི་མང་ཆེ་བ་བདེ་མོ་སྐྱིད་མོའི་ངང་ཉལ་བསྡད་ཀྱི་ཡིན་ཟེར་བའི་གྲོས་ཆོད་ཅིག་རང་རེད།
རི་བོང་བརྒྱ་ལ་བློ་ལྡན་གཅིག འཕྱི་བ་བརྒྱ་ལ་སྒོམ་ཆེན་གཅིག དོན་དང་མཐུན་པའི་གཏམ་སྨྲ་བ། འཇིག་རྟེན་འདི་ན་འདི་འདྲས་དཀོན།



བརྗོད་གཞི་གཞན་ཁག་ལ་གཟིགས།