གསར་འགྱུར་གསར་པ།:

དགོངས་ཚུལ།

རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་པོ་ལོ་འགྲན་སྡུར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༩ཉིན། དེ་རིང་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་པོ་ལོ་འགྲན་སྡུར་དབུ་འབྱེད་མཛད་སྒོ་སྐབས་ཐོག་མར་རུ་ཁག་བཞི་འགྲན་སྡུར་བྱས་པའི་ནང་། ཁེ་ན་ཌ་ན་གཞོན་རུ་ཁག་གི་ཁ་གཏད་གྷོ་ལ་ཐ་ལ་རུ་ཁག་དང་། གྷོ་ཝ་བོད་ཀྱི་རུ་ཁག་གི་ཁ་གཏད་མ་དྷ་ར་སི་བོད་ཕྲུག་རུ་ཁག་གཉིས་ལ་རྒྱལ་ཁ་ཐོབ་སོང་།

དེ་ཡང་ཕྱི་ལོ་༢༠༡༠ལོའི་སྐབས་༡༤པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་༼རྐང་རྩེད་པོ་ལོ་༽འགྲན་སྡུར་དེ། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་གཉིས་པའི་རྩེད་ཐང་དུ་ཚུགས་ཡོད་ལ། ཐེངས་འདིའི་དབུ་འབྱེད་མཛད་སྒོ་ཐོག སྐུ་མགྲོན་གཙོ་བོར་ལྷོ་སྤྱི་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ལགས་གདན་འདྲེན་ཞུས་འདུག

གཞན་ཡང་མཛད་སྒོ་ཐོག་མའེ་སོར་གཞིས་ཆགས་ཁག་གི་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་དང་། ལུགས་ཟུང་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོ་གླིང་གི་འགོ་འཛིན། དེ་བཞིན་སྐྱབས་གནས་དགེ་འདུན་པའི་སྡེ་དང་། རྩེད་འགྲན་པ། སློབ་ཕྲུག མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་འདུག

སྐབས་༡༤པའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་སྡུར་འདི་ཟླ་འདིའི་ཚེས་༩ནས་ཚེས་༡༩བར་ཉིན་གྲངས་༡༡རིང་རྩེད་འགྲན་གནང་རྒྱུ་དང་། ཐེངས་འདིར་རྩེད་འགྲན་རུ་ཁག་༡༨ཡོད་པ་དེ། ཚོགས་ཆུང་ཁག་༦ལ་བགོས་ནས། རྩེ་ཐེངས་རེར་དུས་ཡུན་སྐར་མ་༣༥རེར་སྤྲད་རྒྱུ་རེད་འདུག

མཛད་སྒོ་དབུ་འཛུགས་སྐབས་ཐོག་མར་རྔ་རོལ་དང་ལྷན་དུ་རྩེད་འགྲན་རུ་ཁག་རྣམས་ཐང་སྟེང་དུ་རུ་སྒྲིག་སྐོར་བསྐྱོད་བྱས་སོང་ལ། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་། རྒྱ་གར་གྱི་རྒྱལ་གླུ། བདེན་ཚིག་སྨོན་ལམ་བཅས་རིམ་པར་གྲུབ་རྗེས། བོད་ཀྱི་འཐབ་རྩོད་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་དང་། འདི་ལོར་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་ཐེབས་པ། ཉེ་ཆར་མདོ་སྨད་འབྲུག་ཆུ་ཁུལ་དང་དེ་བཞིན་ལ་དྭགས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཚབ་ཆེན་ཐེབས་པ་བཅས་ལ་བརྟེན། དུས་ཡུན་སྐར་མ་གཅིག་རིང་མྱང་ངན་གུས་འདུད་བྱས་སོང་།

དེ་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་ལགས་ནས་གསུང་བཤད་གནང་དོན།

སྤྱིར་འཛམ་བུ་གླིང་འདིར་སྨན་ཁང་དང་། ལམ་ཁ། མཐོ་རིམ་སློབ་གྲྭ་ལ་སོགས་པའི་མིང་ཐོག་ནས་རྩེད་མོ་འདྲ་མིན་རྩེ་སྲོལ་ཡོད་པ་ཞིག་རེད། དེར་བརྟེན་རྒྱལ་ཡུམ་ཆེན་མོ་གང་ཉིད་ང་ཚོ་བོད་པ་ཙམ་མ་ཡིན་པ་འཛམ་བུ་གླིང་ལ་བཀའ་དྲིན་ག་ཚོད་ཆེན་པོ་ཡིན་པ་དེའི་རྗེས་དྲན་ཆེད་དུ་ང་ཚོས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་དེ་ཕྱི་ལོ་༡༩༨༡ལོར་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༠༣ཁས་ལེན་བྱུང་བ་ཞིག་རེད།

ང་ཚོའི་དམིགས་ཡུལ་གཉིས་པ་དེ་བོད་པའི་གཞོན་སྐྱེས་ཁག་རྩེད་མོའི་བརྒྱུད་ལམ་ཐོག་ནས་སོ་སོའི་མི་ཚེ་སྐྱེལ་སྟངས། དེ་བཞིན་ནང་ཁུལ་མཐུན་སྒྲིལ། གཙོ་བོ་ཞིག་ནི་དེ་རིང་ང་ཚོས་འདིར་རུབ་རུབ་བྱས་དགོས་དོན་དེ། རྩེད་འགྲན་པ་རྣམས་ས་གནས་ཁག་༡༨ཙམ་ནས་ཡོང་དུས་ཕན་ཚུན་མཐུན་སྒྲིལ་ཡོང་ཆེད་ཡིན།

དེ་རིང་འདིར་ངས་མི་མང་ཚོར་འབོད་སྐུལ་ཞུ་རྒྱུ་ཞིག་ནི་རྩེད་མོ་གང་འདྲ་ཞིག་རྩེ་བ་ཡིན་ནའང་ཆ་རྐྱེན་མང་པོ་ཞིག་ཚང་དགོས་ཀྱི་འདུག དེ་རིང་འདིར་གྲ་སྒྲིག་བྱེད་མཁན་གྱིས་གྲ་སྒྲིག་བྱས་ཡོད་པ་རེད་ལ་རྩེད་མོ་རྩེ་མཁན་གྱིས་རྩེད་མོ་རྩེ་བར་སླེབས་ཡོད་པ་རེད། ཟུར་དཔང་བྱེད་མཁན་ཡང་སླེབས་ཡོད་པ་རེད། དེ་ལས་གལ་ཆེ་བ་ཞིག་ནི་གཟིགས་མོ་གཟིགས་མཁན་དགོས་ཀྱི་ཡོད་པ་རེད། ངས་ཞུ་སྙིང་དེ་ག་དུས་ཡིན་རུང་༼རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་༽ཟེར་དུས་རྒྱག་རེས་རྒྱག་སའི་གཞི་རྩ་འདྲ་པོ་ཞིག་ལ་བརྩི་བཞིན་འདུག དེ་འདྲ་ཁ་ཤས་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་ཉུང་ཉུང་རེད། ཉུང་ཉུང་ཡིན་རུང་གནས་ཚུལ་སྡུག་པ་དེ་མིང་ཆེན་པོ་ཆགས་འགྲོ་ཡི་འདུག ང་ཚོས་དྷ་རམ་ས་ལ་ནས་ཕྱི་ལོགས་སུ་རྩེ་རྒྱུ་དེ་ཕྱི་ལོ་༢༠༠༧ལོར་དྷེ་ར་རྡུན་ཀ་ལ་མན་ཊོན་རུ་འགོ་བཙུགས་པ་རེད།

དེའི་སྐབས་སུ་ལམ་ལུགས་ཡག་ཐག་ཆོད་དང་ཟང་ཟིང་གང་ཡང་བྱུང་ཡོད་པ་མ་རེད། འོན་ཀྱང་རྩེད་ཐང་གི་ཕྱི་ལོག་ལ་ཟང་ཟིང་ཅུང་ཙམ་བྱུང་བ་དེ་རྩེད་མོ་དང་འབྲེལ་བ་གང་ཡང་མེད་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༠༨ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཚོགས་པ་རེད། དེའི་སྐབས་སུ་ཡང་ཡག་ཐག་ཆོད་བྱུང་བ་རེད། དམིགས་བསལ་དགེ་འདུན་པ་ཚོས་བློ་གཟུར་པོ་གནས་པའི་ཐོག་རྒྱབ་སྐྱོར་གནང་སོང་། དེ་རིང་འདིར་ཡང་དེ་བཞིན་དུ་ཚང་མས་འབད་བརྩོན་དང་གཟབ་གཟབ་བྱེད་རོགས་ཞུ་རྒྱུ་ཡིན་ཞེས་དང་།

ཡང་ཁོང་གིས་ཐེངས་འདིར་རྩེད་མོ་རྩེ་སྐབས་སོ་སོའི་ཕྱོགས་གཏོགས་དང་། སོ་སོས་དགའ་མོས་བྱེད་ས་དེ་འདྲ་གཏན་གཏན་ཡོད་པ་རེད། གལ་སྲིད་དེར་ཐོབ་པ་ཡིན་ན་བཀྲ་ཤིས་བདེ་ལེགས་དང་། མ་ཐོབ་པ་ཡིན་ནའང་དེར་གུས་ཞབས་ཐོག་ནས་ངོས་ལེན་གནང་རོགས་ཞུ་རྒྱུ་ཡིན། ཐོབ་ཤོར་ཟེར་བ་དེ་སྤོ་ལོ་དྲ་སྒོ་ནང་ཕྱིན་མ་ཕྱིན་དེ་རེད། སྤོ་ལོ་ཐེངས་གཅིག་ཐོབ་ཤོར་བྱུང་བ་དེ་གང་ཡང་མ་རེད། དེ་ལས་ལྷག་པ་ང་ཚོའི་རང་བཙན་ཤོར་ཚར་བ་རེད། དེ་ལས་སྡུག་པ་ཞིག་ང་ཚོར་ཤོར་རྒྱུ་གང་ཡང་ཡོད་པ་མ་རེད། དེར་བརྟེན་རྩེད་མོ་ལམ་ལྷོང་ཡོང་བར་ཚང་མས་མོས་མཐུན་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞེས་གསུངས་སོང་།

ཡང་ཁོང་གིས་ཕྱོགས་གཞན་ཞིག་ནི་འཛམ་བུ་གླིང་གི་རྩེད་མོ་རྩེ་མཁན་སུ་གཅིག་དང་མི་འདྲ་བ་ང་ཚོར་ཁྱད་པ་ག་རེ་ཡོད་པ་རེད་ཟེར་ན། རྩེད་མོ་རྩེ་མཁན་ཡིན་ན་འདྲ། རྩེད་མོ་གཟིགས་མཁན་ཡིན་ནའང་འདྲ། གལ་སྲིད་རྩེད་མོ་ཡག་པོ་ཞིག་མ་བྱུང་བ་ཡིན་ན། དང་པོ་དེ་༧གོང་ས་མཆོག་གིས་དགོངས་པ་ག་རེ་བཞེས་ཀྱི་རེད་བསམ་བློ་གཏོང་རོགས།

གཉིས་པ་སྤྱོད་པར་སྤྱོད་པ་ངན་པ་ཞིག་འཁྱེར་བ་ཡིན་ན། བོད་ནང་ཡོད་པའི་བོད་མི་ཚོས་ག་རེ་བསམ་གྱི་རེད། ད་ལྟ་རྩེད་མོ་རྩེ་བ་འདི་དག་ཚང་མ་རླུང་འཕྲིན་རྒྱང་སྲིང་སོགས་གསར་འགྱུར་བརྒྱུད་ལམ་ཚང་མའི་ནང་འགྲོ་བཞིན་ཡོད་པ་རེད། དེ་རིང་ཕྱོ་དྲོར་ཡང་བཅར་འདྲི་དེ་འདྲ་ཡོད་ཟེར་གྱི་འདུག གསུམ་པ་དེ་ང་ཚོས་སྤྱོད་པ་ངན་པོ་ག་རེ་བྱས་པ་ཡིན་ན་དེ་རྒྱ་མིས་བདེ་སྤྱོད་གཏོང་གི་ཡོད་པ་རེད། དེ་ཚོ་ཚང་མར་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་མཆོག་གི་བཀའ་སློབ་གསུང་བཤད་གནང་དོན།

དེ་རིང་འདིར་ལྷོ་ཕྱོགས་བྷེ་ཀོ་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྩེད་འགྲན་དེ་གོ་སྒྲིག་ཞུས་ཡོད་པ་དང་། མ་ཚད་པའི་ཉེ་ཆར་༧རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་ནས་གང་ཉིད་ལ་བརྟན་བཞུགས་ཕུལ་བ་དང་། དམིགས་བསལ་ཚོགས་ཆེན་ཚོགས་པ་རེད། བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་བ་རེད།

བཙན་བྱོལ་བོད་མིའི་གཞིས་ཆགས་ནང་ནས་བྷེ་ཀོ་གཞིས་ཆགས་འདི་ཉིད་རྙིང་ཤོས་ཤིག་ཡིན་པའི་ཆ་ནས། དེ་ལྟ་བུའི་ཆ་འཛིན་དང་ཆེ་མཐོང་གནང་བ་ནང་བཞིན་དེ་རིང་འདིར་རྒྱལ་ཡུམ་ཆེན་མོ་འགྲན་སྡུར་ཡང་ས་གནས་འདིར་གནང་ཡོད་དུས། བཙན་བྱོལ་ནང་ལ་གནས་པའི་ལོ་༥༠རིང་གི་མཛད་རིམ་གལ་ཆེ་ཤོས་ཚང་མ་བྷེ་ཀོ་ས་གནས་སུ་བསྐྱངས་བ་དེ་ཚོ་ཚང་མས་སེམས་བ་བཞག་དགོས་པ་རེད།

གོང་དུ་གསུངས་པ་ནང་བཞིན་རྒྱལ་ཡུམ་ཆེན་མོ་དེ་ང་ཚོ་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དེ་བཤད་མི་དགོས་པ་ཞིག་རེད། རྒྱལ་ཡུམ་ཆེན་མོ་དེའི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་དབུ་ཁྲིད་ལ་ཕེབས་པ་ཞིག་རེད། རྒྱལ་ཡུམ་ཆེན་མོའི་རྩའི་ངོ་བོ་དེ་བྱམས་དང་སྙིང་བརྗེ། བརྩེ་བའི་ངོ་བོ་ཞིག་རེད། དེ་བཞིན་རྩེད་འགྲན་འདི་རྒྱལ་ཡུམ་ཆེན་མོའི་མཚན་ཐོག་ནས་རྩེ་བཞིན་ཡོད་དུས། རྩེད་མོ་དང་གཟིགས་མོ་བ་ཚང་མས་རྩེད་འགྲན་འདིའི་ཐོག་ནས་ནང་ཁུལ་མཛའ་བརྩེ་འཆམ་མཐུན་ཡོང་ཐབས་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་རེད་ཅེས་བཀའ་གནང་སོང་།

ཐེངས་འདིར་རྐང་རྩེད་སྤོ་ལོ་འགྲན་སྡུར་ནང་ཞུགས་མཁན་རུ་ཁག་༡༨ནི། ༡༽སྤེང་ལོར་སྤྱི་མཐུན་རུ་ཁག ༢༽བྷེ་ཀོ་ལུགས་བསམ་རུ་ཁག ༣༽ཁེ་ན་ཌ་བོད་རིགས་ན་གཞོན་རུ་ཁག ༤༽ཀོ་ལི་གྷལ་དོན་ལྡན་གླིང་རུ་ཁག ༥༽ཀེ་ལ་མེན་ཊོན་དོན་ལྡན་གླིང་རུ་ཁག ༦༽མོན་གྷོ་འདོད་རྒུ་གླིང་རུ་ཁག ༧༽གྷོ་ཝ་བོད་ཀྱི་རུ་ཁག ༨༽བྷེ་ཀོ་གྷོ་ལ་ཐ་ལ་ན་གཞོན་རུ་ཁག ༩༽དྷི་མ་པུ་ཧོར་བྷིལ་རུ་ཁག ༡༠༽ཧོར་སུར་རབ་རྒྱས་གླིང་རུ་ཁག ༡༡༽ལྡི་ལི་བསམ་ཡས་གླིང་རུ་ཁག ༡༢༽བལ་ཡུལ་པོག་རཱ་བཀྲིས་གླིང་པོ་ཏཱ་ལ་རུ་ཁག ༡༣༽བལ་ཡུལ་པོག་རཱ་བཀྲ་ཤིས་དཔལ་འཁྱིལ་རུ་ཁག ༡༤༽བྷེ་ཀོ་བོད་ཁྱིམ་སྤྱི་མཐུན་རུ་ཁག ༡༥༽བྷེ་ཀོ་བདེ་སླར་རྩེད་རིགས་རུ་ཁག ༡༦༽ཅི་ནཱ་ཡེ། མ་དྷ་ར་སི་བོད་ཕྲུག་རུ་ཁག ༡༧༽བལ་ཡུལ། ཀ་ཐ་མན་ཌུ། ཡར་ལུང་སྤྱི་མཐུན་རུ་ཁག ༡༨༽ཝ་ར་ཎ་སི་རུ་ཁག་བཅས་རེད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ། ཐེངས་འདིའི་རྩེད་མོ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བཅར་འདྲི་བྱས་པར་ཁོང་གིས།

ཐེངས་འདི་ནི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་སྐབས་༡༤པ་དང་། རུ་ཁག་༡༨ཡོད་པ་རེད། རྩེད་མོ་འདི་དེ་རིང་འགོ་འཛུགས་ཀྱིས་ཕྱི་ཚེས་༡༩བར་རྩེ་རྒྱུ་ཡིན་པ་རེད། སྤྱིར་ང་ཚོས་རྒྱལ་ཡུམ་ཆེན་མོ་འདི་ལོ་ལྟར་རྩེ་འཆར་ཡོད་ནའང་། སྐབས་རེ་གྲ་སྒྲིག་དང་མཐུན་རྐྱེན་སོགས་ཀྱིས་རྐྱེན་པས་ལོ་༢རེ་དང་༣རེའི་མཚམས་སུ་མ་གཏོགས་རྩེ་མི་ཐུབ་པ་དེ་འདྲའང་ཆགས་ཀྱི་ཡོད་པ་རེད།

རྩེད་འགྲན་འདིར་རྒྱལ་ཡུམ་ཆེན་མོ་ཞེས་བཏགས་དགོས་དོན་ནི། ༧གོང་ས་མཆོག་གི་མ་ཡུམ་ནི་ང་ཚོ་བོད་མིར་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བ་བཅས་ལ་བརྟེན། ཁོང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཅིག་རེད། མ་འོངས་པར་མཐུན་རྐྱེན་འཛོམས་ན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས། རྒྱལ་ཡུལ་ཆེན་མོ་དྲན་རྟེན་ཆེད་རྩེད་རིགས་གཞན་པའང་གོ་སྒྲིག་ཞུ་འཆར་ཡོད།

ཐེངས་འདིར་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་རྒྱལ་ཁ་ཐོབ་མཁན་ལ། བྱ་དགའ་གསེར་གྱི་བུམ་པ་ཞིག་ཡོད་པ་རེད། གསེར་གྱི་བུམ་པ་དེ་དྷ་རམ་ས་ལར་ཡོད་པ་དང་། དྷ་རམ་ས་ལར་རྩེད་མོ་རྩེ་སྐབས་བུམ་པ་དེ་ཕུལ་གྱི་ཡོད་ཀྱང་ང་ཚོས་ཕྱི་ལོགས་སུ་རྩེ་དུས་དེ་མི་འཁྱེར་བ་དེའི་ཚབ་ཅིག་ཕུལ་ཡོད། མ་ཚད་ཐེངས་འདིར་ཨང་རིམ་དང་པོར་བྱ་དགའ་ཧིན་སྒོར་ཁྲི་༥དང་། གཉིས་པར་ཁྲི་༣། སྤྱོད་ཚུལ་ཡག་ཤོས་དང་ཨང་གསུམ་པར་བྱ་དགའ་ཧིན་སྒོར་ཁྲི་༡རེ་བཅས་འབུལ་རྒྱུ་རེད།

གོ་སྒྲིག་གི་ཆ་ནས་ཞུས་ན། ས་ཕྱོགས་མང་པོ་ནས་རྩེད་མོ་རྩེ་མཁན་མང་པོ་ཕེབས་ཡོད་པ་དེ་ཚོར་ང་ཚོས་བཞུགས་ས་དང་ཞལ་ལག་ཆ་ཚང་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། སྔོན་མ་ཡིན་ན་ང་ཚོས་ལམ་གྲོན་ཅུང་ཙམ་རེ་ཡང་ཕུལ་གྱི་ཡོད་པ་རེད། འོན་ཀྱང་ཕྱིས་སུ་ལམ་གྲོན་དེ་སོ་སོས་འབུལ་རྒྱུ་བྱས་པ་རེད།

རྩེད་འགྲན་སྐབས་མི་རིགས་གཞན་མ་བཅུག་པ་དེ་གཅིག་ནི་ང་ཚོ་བོད་པ་ནང་ཁུལ་ཁོ་ན་མཐུན་སྒྲིལ་ཡོང་ཆེད་ཞིག་དང་། བོད་པ་མ་ཡིན་པ་དེ་འདྲ་བཅུག་ཚེ་མཚམས་རེ་དཀའ་ངལ་དང་རྙོག་དྲ་ཅུང་ཙམ་ཆགས་ཀྱི་འདུག དཔེ་ན། ན་ནིང་དྷ་རམ་ས་ལར་གྷོ་ཁའི་རྩེད་འགྲན་རུ་ཁག་ཅིག་བཅུག་དུས་ཞི་བདེ་ཡོང་རྒྱུའི་ཚབ་ཏུ་མི་རིགས་ཀྱི་ཆ་ནས་དཀའ་ངལ་ཅུང་ཙམ་འཕྲད་པ་དེ་འདྲ་རེད། ཐེངས་རྗེས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར་དེ་ས་ཆ་གང་དུ་ཚུགས་མིན་དེ་ད་ལྟ་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཀའ་གནང་སོང་།

དེ་རིང་དབུ་འབྱེད་མཛད་སྒོ་ཉིན་མོར་རྐང་རྩེད་པོ་ལོ་རུ་ཁག་བཞི་འགྲན་སྡུར་བྱས་པའི་ནང་། ཁེ་ན་ཎ་ན་གཞོན་རུ་ཁག་དང་བྷེ་ཀོ་གྷོ་ལ་ཐ་ལ་རུ་ཁག་གཉིས་འགྲན་སྡུར་བྱས་པར། གྷོ་ལ་ཐ་ལའི་རུ་ཁག་གིས་པོ་ལོ་ཐེངས་༡བླུགས་ཡོད་པ་དང་། དེ་རྗེས་གྷོ་ཝ་བོད་ཀྱི་རུ་ཁག་དང་མ་དྷ་ར་སི་བོད་ཕྲུག་རུ་ཁག་གཉིས་འགྲན་སྡུར་བྱས་པར་གྷོ་ཝ་བོད་ཀྱི་རུ་ཁག་གིས་ཐེངས་གཅིག་དང་མ་དྷ་ར་སི་བོད་ཕྲུག་རུ་ཁག་གིས་གཉིས་བླུགས་ཐུབ་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།