ལོ་རྒྱུས་རང་བཞིན་གྱི་བཀའ་ཁྲིའི་བགྲོ་གླེང་ཆེན་མོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༣ཉིན། དེ་རིང་ཕྱི་དྲོ་ཚུ་ཚོད་༢པའི་ཐོག་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་བདེ་སླར་མི་མང་ཚོགས་ཁང་དུ། ༼བཀའ་ཁྲིའི་བགྲོ་གླེང་ཆེན་མོ་༽ཐོག མ་འོངས་སྐབས་༣པའི་བཀའ་ཁྲིའི་འོས་མིར་ལང་མཁན་མི་བཞིས་ཆུ་ཚོད་༣ཙམ་རིང་གཏམ་བཤད་དང་དྲི་བར་ལན་འདེབས་གནང་སོང་།

དེ་ཡང་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་ཁུལ་དུ་བོད་མི་ཁག་ཅིག་གིས་དང་བླངས་ཐོག་༼བཀའ་ཁྲིའི་བགྲོ་གླེང་ཆེན་མོ་༽ཟེར་བ་ཞིག་གོ་སྒྲིག་ཞུས་འདུག་ལ། བགྲོ་གླེང་ཐོག་གཏམ་བཤད་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། མཁས་དབང་བློ་བཟང་སེངྒེ་ལགས། བཀྲེས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་མི་བཞི་གདན་འདྲེན་ཞུས་འདུག ཐོག་མར་བགྲོ་གླེང་བ་ཚོར་སྐར་མ་༥རེ་གཏམ་བཤད་དང་དེ་རྗེས་མི་མང་ཚོར་དྲི་བར་དྲིས་ལན་གནང་རྒྱུའི་གོ་སྐབས་གནང་སོང་།

སྐབས་དེར་རྒྱ་རི་སྒྲོལ་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་སྐྱབས་བཅོལ་བ་མང་ཆེ་བ་གནས་ས་དེ་རྒྱ་གར་སོགས་རྒྱ་བལ་འབྲུག་གསུམ་ཆགས་བསྡད་ཡོད་པ་རེད། དེ་ཚོར་སྐབས་སུ་བབ་པའི་དཀའ་ངལ་མང་པོ་ཞིག་ཡོད་དུས། ༧གོང་ས་མཆོག་གིས་གསུངས་པ་ནང་བཞིན་རེ་བ་ཡག་ས་རྒྱོབས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་རེད་ཅེས་བཀའ་གནང་བ་ནང་བཞིན། གལ་ཏེ་ང་ཚོ་ཡུ་རིན་པོ་ཞིག་མིའི་ལུང་པར་ལྷག་པ་ཡིན་ན། ང་ཚོ་མི་རིགས་ཐོག་ཡིན་ན་འདྲ། ང་ཚོའི་རྩ་དོན་ཐོག་ཡིན་ནའང་འདྲ་ཡུན་རིང་པོ་ཞིག་གནས་ཐུབ་ཆེད་དུ་ལས་ཀ་བྱེད་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། རང་གི་ངོས་ནས་དེའི་ཐོག་ལ་ཐུགས་ཕན་ཞིག་གསོས་པའི་ཞབས་རྗེས་ཞིག་སྒྲུབ་ཐུབ་ས་རེད་བསམས་པའི་སྙིང་སྟོབས་ཤིག་གི་ཐོག་ནས་ཐེངས་འདིའི་གོ་སྐབས་དེ་ཞུས་པ་ཡིན་ཞེས་གསུངས་སོང་།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ང་ཚོར་ལུང་པ་མེད་ནའང་ཕྱིའི་ལུང་པའི་ནང་ང་ཚོས་ཚུལ་ལྡན་ཁྲིམས་ལུགས་དང་མཐུན་པའི་ཡར་ཐོན་གྱི་མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་འགྲོ་བཞིན་པ་སྟོན་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ངས་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུས་ནས་བགྲོ་གླེང་འདིར་བཅར་བ་ཡིན།

སྤྱིར་ང་ཚོའི་བཀའ་བློན་ཁྲི་པའི་མིང་དོན་པ་དེ་འདྲ་ཕ་ཆེར་བྱུང་ཡོད་པ་མ་རེད། ང་རང་ཡིན་ནའང་མེད། ཉེ་བའི་ཆར་ངོ་ཤེས་པ་དང་སྤྱི་པའི་ཞབས་རྗེས་ཞུ་མྱོངས་མཁན་ཚོས་ངའི་མིང་འདོན་གནང་གི་ཡོད་པ་རེད། ཚོགས་པ་སྐྱིད་སྡུག་ཁག་གིས་མིང་འདོན་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་སྐབས་ལ་ཚང་མས་འཁུར་ལེན་བྱེད་དགོས་ཀྱི་ཡོད་དུས་བགྲོ་གླེང་དེ་ཚོར་ངས་བཅར་གྱིན་ཡོད། འོན་ཀྱང་ངས་རྒྱབ་སྐྱོར་གནང་མཁན་དེ་ཚོར་ང་ཚོ་ངོ་ཤེས་པ་དེ་ཚོས་རྒྱབ་སྐྱོང་གནང་བར་ཧ་ཅང་ཡག་པོ་རེད།

ཡིན་ན་ཡང་ང་ཚོ་མང་གཙོའི་ལམ་སྲོལ་ནང་འགྲོ་བཞིན་ཡོད་དུས་མི་མང་གི་ཐག་གཅོད་དགོས་ཀྱི་ཡོད་པ་ལས་མི་ཁ་ཤས་ཤིག་གིས་བསྐོ་བཞག་བྱ་རྒྱུ་ཡོད་པ་མ་རེད་ཅེས་ཞུ་རྒྱུ་བྱུང་། སྔོན་འགྲོའི་འོས་འདེམས་དེའི་ནང་ང་ལ་མི་མང་ཚོས་བསམ་ཚུལ་སྟོན་གྱི་རེད། མི་མང་གི་རྒྱབ་སྐྱོར་ཡོད་མེད་རྣམ་འགྱུར་ཡང་སྟོན་གྱི་རེད། དེར་ང་ཚོས་བརྩི་བཀུར་ཞུ་དགོས་པ་དེ་གལ་ཆེན་པོ་མིན་འགྲོ་ཟེར་ནས་བཅར་བ་ཡིན་ཞེས་གསུངས་སོང་།

མཁས་དབང་བློ་བཟང་སེངྒེ་ལགས་ཀྱིས། ད་ལྟ་བར་དུ་བཀའ་བློན་ཁྲི་པའི་སྔོན་འགྲོ་བའི་འོས་ཤོག་མ་བླུག་པའི་སྔོན་དུ་བགྲོ་གླེང་བྱེད་མྱོང་ཡོད་པ་མ་རེད། དེ་རིང་གི་བགྲོ་གླེང་འདི་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཡོད་པ་རེད། དེས་བརྡ་ཁ་ཤས་ཤིག་གཏོང་བཞིན་ཡོད་པ་རེད། བརྡ་གཅིག་དེ་རྒྱ་ནག་གཞུང་དང་ཧུའུ་ཅིང་ཐའོ་ལ་གཏོང་གི་ཡོད་པ་རེད། ག་རེ་གཏོང་གི་ཡོད་པ་རེད་ཟེར་ན། ཁོ་རང་ཚོས་ཧམ་ཤེད་ཀྱིས་འཆར་གཞི་དང་རེ་བ་བཙན་བྱོལ་ནང་ཡོད་པའི་མི་ཐོག་རྒན་པ་དེ་ཚོ་མེད་པ་ཆགས་པ་ཡིན་ན། བཙན་བྱོལ་གཞུང་དེ་འཐོར་འགྲོ་རྒྱུ་རེད་ཟེར་བ་དེར། བགྲོ་གླེང་འདིས་དེ་འདྲ་རྩ་བ་ནས་མ་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས་གཉིས་པ་དེ་རྒྱ་ནག་གཞུང་གིས་ཧམ་ཤད་བྱས་ནས་བོད་ནང་ལ་ཡོད་པའི་གཞི་ལུས་མི་མང་ཚོར་མགོ་སྐོར་གཏོང་གི་ཡོད་པ་རེད། ག་རེ་བཤད་བཞིན་ཡོད་པ་རེད་ཟེར་ན། བཙན་བྱོལ་ནང་ཡོད་པའི་གཞུང་དེ་མང་གཙོ་མ་རེད། སྤྱི་ཚོགས་རྙིང་པ་རོ་ལང་རྒྱག་འཆར་མ་གཏོགས་གང་ཡང་ཡོད་པ་མ་རེད་ཟེར་གྱིན་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་འདིས་ང་ཚོ་བཙན་བྱོལ་ནང་སྐྱེས་ནས་འཚར་ལོངས་བྱུང་ཡོད་པའི་ང་ལྟ་བུར་གོ་སྐབས་རག་པ་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། བོད་པར་གཏམ་དཔེ་ཞིག་ཡོད་པ་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ནང་བཞིན། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་བློན་ཁྲི་པར་བདག་པོ་མེད་ཟེར་བ་དེ་བརྡ་སྟོན་ཡོང་གི་ཡོད་པ་རེད། སུ་ཡིན་རུང་བཀའ་བློན་ཁྲི་པར་ལང་ཆོག་གི་རེད་ཟེར་བ་དེས་མང་གཙོའི་གཞི་བསྟན་པོ་ཞིག་ཡོང་གི་ཡོད་པ་གསལ་པོ་རེད་ཅེས་གསུངས་སོང་།

སྤེན་པ་ཚེ་རིང་མཆོག་གིས། ང་རང་བཀའ་བློན་ཁྲི་པའི་འོས་མིར་ལང་རྒྱུར་ཕ་ཆེར་ཉིན་༡༥དང་༢༠ཙམ་གྱི་སྔོན་དུ་ཐག་ཆོད་པ་རེད། རྩ་བའི་སྔོན་མ་ནས་སོ་སོར་བོད་སྤྱི་པའི་ལས་དོན་བསྒྲུབ་རྒྱུར་དམ་བཅའ་དང་སེམས་ཤུགས་ཡོད་ཡོད་པ་རེད། མཐོ་སློབ་ཐོན་པ་དང་པཱ་ལགས་ཀྱིས་ཁྱེད་རང་བོད་གཞུང་གི་ལས་ཀར་འགྲོ་དགོས་པ་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་སྐབས་དེར་ནང་གི་གནས་སྟངས་སྐྱོ་པོ་ཡིན་དུས་ལས་ཀ་གཞན་བྱེད་དགོས་བྱུང་། གང་ལྟར་འདས་པའི་ལོ་༡༤ཙམ་གྱི་ནང་ལ་སྤྱི་འཐུས་ཀྱི་འགན་འདྲ་པོ་ཞིག་འཁྱེར། ད་ལྟ་སྤྱི་འཐུས་ཀྱི་ཚོགས་གཙོའི་འགན་ཞིག་འཁྱེར་ནས་བསྡད་ཡོད།

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་ནས་ལོ་༧ཙམ་རིང་ལ་ཚོགས་འདུ་མང་པོ་ཞིག་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་དང་། ལྷག་པར་ང་ཚོ་བོད་མིའི་གཞིས་ཆགས་མང་ཆེ་བ་ཞིག་ལ་སྐོར་ར་རྒྱག་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། བར་སྐབས་ཕྱི་རྒྱལ་ལ་ཕྱིན་ནས་བོད་པ་མང་པོ་ཞིག་དང་བོད་རིགས་སྤྱི་མཐུན་ཚོགས་པ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དེ་འདྲ་ཡིན་དུས། འདས་པའི་ཉམས་མྱོང་ལ་བལྟས་ཡོང་དུས། གཞུང་གི་གོ་གནས་ཡོད་ནའང་འདྲ་མེད་ནའང་འདྲ། ལས་འགན་ཞིག་འཁུར་དགོས་པ་ཡིན་དུས། ཐེངས་འདིར་གོ་སྐབས་ཡག་པོ་ཞིག་ལྷག་བསྡད་ཡོད་པ་རེད། དེར་བརྟེན་དེའི་ནང་ལ་ཁྱེད་རང་ཚོ་ལའང་མི་མང་བ་ཞིག་ཡོད་ན་སྙིང་རྗེ་བ་ཞིག་མཐོང་ཆེད་དུ་བགྲོ་གླེང་ལ་བཅར་བ་ཡིན་ཞེས་གསུངས་སོང་།

ཐེངས་འདིའི་བགྲོ་གླེང་ཐོག་དམིགས་བསལ་དགེ་འདུན་པ་སོགས་ཁྱོན་མི་གྲངས་སྟོང་ཕྲག་ལས་བརྒལ་བ་འཚང་ཁ་ཤིག་ངང་ཕེབས་འདུག་ལ། བགྲོ་གླེང་གནས་མཁན་རྣམས་ལ་གལ་སྲིད་ཁྱེད་རང་བཀའ་བློན་ཁྲི་པར་འཐོབ་པ་ཡིན་ན། དམིགས་བསལ་ལས་ཀ་གང་དང་ག་རེ་བསྒྲུབ་རྒྱུ་ཡིན་མིན་དང་། དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་ཚུལ་སོགས་དྲི་བར་དྲིས་ལན་མང་པོ་ཞིག་གནང་སོང་།

སྤྱིར་ཐེངས་འདིའི་བགྲོ་གླེང་ཐོག་ཁྱོན་བགྲོ་གླེང་གནང་མཁན་མི་གྲངས་༡༣ཙམ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཡོད་འདུག་ཀྱང་། དངོས་སུ་འཛུལ་ཞུགས་གནང་མཁན་མི་བཞི་ལས་བྱུང་མེད་པ་རེད། བགྲོ་གླེང་གོ་སྒྲིག་བྱེད་མཁན་ནི། སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་། གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས། བྷེ་ཀོ་ལུགས་ཟུང་གི་སྐུ་ཚབ་བཀྲ་ཤིས་དབང་འདུས་ལགས། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་བཀྲ་ཤིས་བདེ་ལེགས་སོགས་རེད་འདུག

རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཁ་སྔོན་བྷེ་ཀོར་དུ་བཀའ་ཁྲིའི་སྒྲོལ་གླིང་ཞིག་ཚོག་པ་དེ་ང་ཚོ་ཚང་མ་ལ་ཕན་ཐོག་ཆེན་པོ་བྱེད་བྲག་བྱུང་སོང་ དེ་ཡང་མི་མང་མང་ཆེ་བས་མ་འོང་སྐབས་གསུམ་པའི་བཀའ་ཁྲི་དགའ་ཤུས་བྱེད་ས་ནི་་ཤེས་ཡོན་དང་ལྷག་བསམ་སྙིང་སྟོབས་ལྡན་པའི་མཁས་དབང་བློ་བཟང་སེང་གེ་མཆོག་རེད་འདུག་ གཞན་གསུམ་ནི་ངོ་དགའ་སྤྲེ་ལེགས་དང་ཆོལ་གསུམ་སྤྲུག་ཤིག་རྒྱབ་ཁན་གྱི་མི་སྣ་ལས་གཞན་མ་མཐོང་ཟེར་ནས་ལབ་གླིང་མང་དག་བྱེད་ཀྱི་འདུག་ གུས་པས་ཡང་གོང་༸་ས་མཅོག་གིས་བཀའ་དགོངས་དང་མཐུན་པའི་མ་འོང་བཀའ་ཁྲི་དེ་མཁས་དབང་བློ་བཟང་སེང་གེ་མཅོག་རེད་བསམ་གྱི་ཡོད་ དེ་ཡང་སྐབས་གཉིས་པའི་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱེད་རྗེས་གསར་འགོད་པ་ཞིག་གི་དྲི་ལན་དུ་༸གོང་ས་མཆོག་གིས་འདི་ལྟར་གསུང་མྱོང་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་ཅན་ཞིག་ལ་རེ་བ་བྱས་ཀྱང་་སྟབས་མ་ལེགས་པ་ཞིག་ལ་བླ་རྒན་མགོ་དཀར་དེ་ཡང་སྐྱར་བདམས་འདུག་ ཅེས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཁོང་ལྟར་བུ་ཞིག་་ལ་ཐུགས་རེ་གནང་བ་རེད་མ་ཏོག་ སྤོ་སྤོ་རྨོ་རྨོ་ཚོ་ག་ལ་ཡིན་སྲིད་དོ་།།
མི་ངན་མིང་ཁུར་བ་ཞིག་གིས་དེ་སྔོན་སྦེ་ཀོབ་ལ་བཀའ་ཁྲིའི་འོས་གཞིའི་ཐད་བགྲོད་གླེང་ཐོག་བཀྲས་མཐོང་ལ་ངོ་ལོག་བྱེད་རྒྱུའི་གསལ་བསྒྲགས་ཞིག་དྲ་ལམ་དེ་བརྒྱུད་ནས་སྤེལ་ཡོད་ཀྱང། ད་ཆ་བགྲོད་གླེང་མཇུག་སྒྲིལ་ཚར་ཀྱང་མི་ངན་དེ་ངོ་ལོག་རྒྱུའི་ཚབ་ཏུ་བློ་ལོག་ནས་བསྡད་འདུག ཁོ་བོས་བསམ་ཚད་བྲིས་རྒྱུ་མེད་པ་དང་། བསམ་ཚད་བྱེད་པའི་ནུས་པ་མེད་པ་ཤེས་བཞིན། སྙིང་པོ་མེད་པའི་དཀྲོག་གཏམ་སོགས། དྲ་ལམ་བརྒྱུད་མི་འཇོན་པའི་གསལ་བསྒྲགས་མ་སྤེལ་ན་བཟང་སྙམ། འོན་ཀྱང་ཁྱོད་ལ་གོ་སྐབས་སླར་ཡང་ཐེངས་གཅིག་འདུག རྡ་རམ་ལ་ལར་ཕྱི་ཟླ་དགུ་པའི་ཚེས་དགུ་ཉིན་ཟློས་གར་ཚོགས་ཁང་ནང་ཕྱི་དྲོ་ཚོུད་ལྔ་དང་ཕྱེད་ཀའི་ཐོག་བཀའ་ཁྲིའི་གསར་འདེམས་ཀྱི་བགྲོད་གླེང་ཞིག་གོ་སྒྲིག་བྱེད་བཞིན་འདུག སྐབས་དེ་དུས་སླར་ཡང་བཀྲས་མཐོང་ཡོང་རྒྱུ་ཐག་གཅོད་རེད་འདུག མི་ངན་ཁྱེད་ཀྱང་སླེབས་ཐབས་བྱེད་དགོས་དེ་ཁྱེད་ལ་སྤྲད་པའི་གོ་སྐབས་ཐ་མ་དེ་ཡིན་སྲིད། དོན་རྟོགས་ནས་ངོ་ལོག་བྱེད་ན་བཟད་དེ་མིན་ངོ་ལོག་བྱེད་དགོས་པའི་རྒྱུ་མཚན་བཤད་རྒྱུ་མེད་ན་མ་ཡོངས་ན་བཟང། ཁྱེད་མ་ཡོངས་ན་དྲ་གྲོགས་ཚོར་དགོངས་སེལ་ཞིག་ངེས་པར་དུ་ཞུ་དགོས་བསམ། ཕྱི་འབྱུང་མྱོན་གཏམ་དང་ཧམ་གཏམ་མི་སྤེལ་བའི་ཆེད་དུ། ལེགས་པར་དཔྱད་པར་འཚལ།
ངས་བསམ་ཚུལ་བྱས་མཁས་དབང་བློ་བཟང་སེང་གེ་མཐོང་གི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།