ཐེག་མཆོག་རྣམ་གྲོལ་གླིང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༣ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༡པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ཡོད་པའི་ཐེག་མཆོག་རྣམ་གྲོལ་གླིང་དགོན་པར་ཆིབས་བསྒྱུར་གྱིས། དེ་གའི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་བསྩལ་གནང་མཛད་ཡོད་པས་མ་ཚད་བཀའ་སློབ་གསུང་བཤད་ཡང་གནང་སོང་།

དེ་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྔ་འགྱུར་རྙིང་མའི་མ་དགོན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་ཕྱི་ལོ་༢༠༠༥ནས་༢༠༡༠བར་གྱི་དགེ་འདུན་པ་དང་བཙུན་མ་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་གནང་བའི་མཛད་སྒོ་ཐེངས་༦པའི་ཐོག་ཆུ་ཚོད་༢རིང་མཛད་འཕྲིན་བསྐྱངས་ཡོད་པ་རེད།

གཞན་ཡང་མཛད་སྒོ་ཐོག་དགའ་ལྡན་ཁྲི་རིན་པོ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྒྱ་གར་ཀ་ན་ཊ་ཀ་མངའ་སྡེའི་ཤེས་རིག་དྲུང་ཆེ་མཆོག བོད་གཞུང་མང་ཚོགས་ཆེན་གྱི་ཚོགས་བཅར་བ། རྣམ་གྲོལ་གླིང་དགོན་པའི་དབུ་འཛིན་དང་མཁན་ཆེན་རྣམ་པས་དབུས་སློབ་དཔོན་དང་གྲྭ་མང་། མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཤས་མཛད་སྒོ་ཐོག་ཕེབས་འདུག

ཐེངས་འདིར་སྔ་འགྱུར་རྙིང་མའི་མ་དགོན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བསླབ་པ་མཐར་སོན་པ་རྣམས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མདུན་དུ་ཇི་སྲིད་བར་དུ་བསྟན་དང་འགྲོ་བའི་དོན་བསྒྲུབ་རྒྱུར་དམ་བཅའ་ཡང་ཕུལ་སོང་།

མཛད་སྒོའི་སྟེང་ཐོག་མར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།
དུས་ཚོད་ཐུང་ཐུང་ཡིན་དུས་ངས་དོན་ཚན་གསུམ་གྱི་ནང་ལ་ཞུ་རྒྱུ་ཡིན། དང་པོ་དེ་སྐུ་བཤེགས་དམ་པ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ཐུགས་རྗེ་དང་འཕྲིན་ལས་ཀྱིས་སྤྲུལ་པའི་གཙུག་ལག་ཁང་ལྟ་བུའི་གདན་ས་ཆེན་པོ་འདི་འཛུགས་སྐྲུན་གནང་བ་དང་། དེ་ལ་བརྟེན་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་མཁན་གྱི་སྐྱེ་བུ་དམ་པ་གྲངས་ལས་འདས་པ་ཞིག་བཏོན་གནང་བ་དེ། དུས་ངན་སྙིག་མ་འདི་ལྟ་བུའི་ནང་ལའང་སངས་རྒྱས་ཀྱི་བསྟན་པ་ལ་དེ་ལས་ལྷག་པའི་དགེ་བ་འཛིན་པ་མེད་པ་ལྟ་བུ་ཞིག

དེ་ལ་བརྟེན་ནས་ཧི་མ་ལའི་རི་བརྒྱུད་ཀྱི་ས་གནས་ཡོངས་སུ་རྫོགས་པར་སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་ཞབས་འདེབས་བསྒྲུབས་པས་མ་ཟད། ཝ་ར་ཎ་སི་གཙོས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་སློབ་དཔོན་གྱི་འབྱུང་ཁུངས་ལྟ་བུ་ཞིག་ཀྱང་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་གྲུབ་དབང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་རྗེས་འཇུག་གི་བསྟན་པའི་བྱ་བ་གནང་མཁན་ཡོངས་སུ་རྫོགས་པར་སྙིང་ནས་ཡི་རངས་དང་། དེ་བཞིན་བསྟན་པའི་བྱ་བར་རྒྱུན་ཆད་མེད་པ་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན།

གཉིས་པ། དེ་རིང་ཕྱག་ཁྱེར་བཞེས་མཁན་ཚང་མར་གཞུང་དང་ང་རང་གི་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་རང་ཚོ་ཕྱག་ཁྱེར་བཞེས་པའི་རྗེས་ལ་དམ་བཅའི་ཚིག་ནང་ལ་འཁོད་པ་ནང་བཞིན་ཇི་སྲིད་འཚོ་བའི་བར་དུ་བཤད་སྒྲུབ་ཀྱི་བྱ་བར་སྒྲུབ་པ་གནང་རོགས་ཞུ་རྒྱུ་ཡིན།

གསུམ་པ། དེ་ཐེངས་འདིར་བོད་མང་གཙོའི་ལམ་བཟང་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་སྟོན་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་ལྷོ་ཕྱོགས་ལ་ཚོགས་པ་རེད། དེའི་སྐབས་ལ་རྣམ་གྲོལ་གླིང་དགོན་པ་ནས་ཧ་ལས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་སོང་། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་ཐེངས་འདིར་སེར་ར་བྱེས་སྨད། ས་གནས་འགོ་འཛིན། མཉམ་འབྲེལ་ཁག དེ་ལས་གཞན་པའི་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག སློབ་གྲྭ་ཁག་ཚང་མས་འཕྱར་གྲུ་མཉམ་འདེབས་ཀྱིས་མཐུན་འགྱུར་གནང་བ་དེར་བཙན་བྱོལ་གཞུང་ངོས་ནས་ཐུགས་རྗེ་ཆུ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་དེ་བཞིན་དུ་གནང་རོགས་ཞུ་རྒྱུ་ཡིན།

མཐར་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་པ་དང་། གྲུབ་དབང་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུངས་བྲལ་མགྱོག་ནས་མྱུར་དུ་ཕེབས་པ། ཆོས་སྡེ་ཆེན་པོ་འདི་ད་མུས་བཞིན་བཤད་སྒྲུབ་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།
དེ་རིང་འདིར་ཁྱེད་རང་ཚོ་སློབ་གཉེར་ཐོན་པ་རྣམས་ལ་ཕྱག་ཁྱེར་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད། གཙོ་ཆེ་ཤོས་དེ་རིན་པོ་ཆེ་བཤེགས་ཚར་བའི་རྗེས་ལ་དེ་རིང་འདིར་ང་ཚོ་མཇལ་རྒྱུའི་གོ་སྐབས་བྱུང་བ་རེད། ཕྱོགས་གཅིག་ནི་ད་ལྟ་རིན་པོ་ཆེ་མེད་དུས་སེམས་སྐྱོ་པོ་ཞིག་རེད། འོན་ཀྱང་ཆོས་ཉིད་རེད། རིན་པོ་ཆེ་དགོངས་པ་རྫོགས་ཚར་ནའང་ཆོས་སྡེ་འདི་མུ་མཐུད་ནས་རིན་པོ་ཆེར་དགོངས་བཞེས་ག་རེ་ཡོད་པ་ནང་བཞིན་ཁྱེད་རང་ཚོས་སེམས་པ་རྣམ་དག་གི་ཐོག་ནས་ཞུམ་པ་མེད་པ་མུ་མཐུད་ནས་སྒྲུབ་བཞིན་ཡོད་པ་རེད། དེ་ལ་རྗེས་སུ་ཡི་རངས་ཡོད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དཔེ་ཆགས་བཞག་ན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་༢༥༠༠ལྷག་འགྲོ་ཚར་བ་རེད། འོན་ཀྱང་སྟོན་པའི་བསྟན་པ་དུས་ད་ལྟ་བར་དུ་རྗེས་འཇུག་པ་ཚོས་མུ་མཐུད་ནས་ཟིན་ཡོད་པ་རེད། བོད་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་ཕྱིན་ཚར་བ་རེད་དེ། དེ་དག་གི་མཛད་རྗེས་དེ་མི་རབས་ནས་མི་རབས་བར་མུ་མཐུད་ནས་གནས་ཡོད་པ་རེད། དེ་ཚོ་དང་གཅིག་པ་རེད། ད་ལྟ་འདིར་ཆགས་བཞག་ན། པད་ནོར་རིན་པོ་ཆེ་དགོངས་པ་རྫོགས་ཚར་བ་རེད། འོན་ཀྱང་ཁྱེད་རང་ཚོས་རིན་པོ་ཆེའི་དགོངས་པར་གང་ཡོད་པ་དེར་ཧུར་ཐག་བྱས་པ་རེད་རྗེས་སུ་ཡི་རངས་ཡོད།

དེ་རིང་འདིར་གཙུག་ལག་ཁང་གི་ནང་ལ་དགེ་འདུན་འདུས་པ་རྒྱ་མཚོ། དེ་ཡང་ཚང་མ་རབ་བྱུང་ངུར་སྨྲིག་སེར་ཆིལ་ལེ་བཞུགས་ཡོད་པ་དེར་ཧ་ཅང་གི་དགའ་པོ་བྱུང་ཞེས་གསུངས་སོང་།

༧གོང་ས་མཆོག་གིས་དགོན་པའི་བཤད་སྒྲ་ནས་བསླབ་པ་མཐར་སོན་རྗེས་མང་པོ་ཞིག་གྲྭ་པ་ལོག་འགྲོ་བཞིན་ཡོད་མེད་སྐོར་གསུངས་དོན།
དེ་རིང་འདིར་ངས་རྩད་གཅོད་ཅིག་བྱས་པ་ཡིན། མཁན་པོ་ཤེས་རབས་ལ་འདི་ནས་སློབ་སྦྱོང་ཐོན་ནས་ཕྱོགས་སུ་ཐོན་མཁན་མང་པོ་ཞིག་གི་ནང་གྲྭ་པ་ལོག་མཁན་མང་པོ་ཨེ་འདུག་ཅེས་སྐད་ཆ་དྲིས་པ་ཡིན། ཁོང་གིས་ཁ་ཤས་ཁ་ཤས་ཡོང་གི་རེད། འོན་ཀྱང་མང་པོ་མེད་ཅེས་གསུངས་སོང་། དེར་བརྟེན་ཁྱེད་རང་ཚོས་དེ་རིང་འདིར་དམ་བཅའ་བཞག་པ་ནང་བཞིན། སྤྱིར་བསྟན་པར་ཞབས་འདེབས་སྒྲུབ་མཁན་རྣམ་པ་དག་པ་ཞིག་བྱེད་ཀྱི་ཡིན་གསུངས་པ་ནང་བཞིན། སློབ་སྦྱོང་ཐོན་ནས་བོད་ནང་ལ་འགྲོ་རྒྱུ་ཡིན་ནའང་འདྲ། ཧི་མ་ལའི་རི་བརྒྱུད་ཁུལ་དུ་འགྲོ་རྒྱུ་ཡིན་ནའང་འདྲ། འདི་གར་མུ་མཐུད་ནས་སྡོད་རྒྱུ་ཡིན་ནའང་འདྲ། གང་ལྟར་ཕྱོགས་འཚམས་ག་པར་སྡོད་པ་ཡིན་ན། བརྟེན་དགེ་ཚུལ་སློང་གང་འདྲ་ཡིན་ནའང་། ཚུལ་ཁྲིམས་ཀྱི་བསླབ་པ་དེ་བདག་པོ་རྒྱག་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ག་དུས་ཡིན་ནའང་རྨི་ལམ་ཚུན་ཆད་ལ། རབ་བྱུང་བ་ཡིན་ན་རབ་བྱུང་བ་ཡིན་བསམས་པ་ཞིག་དང་དགེ་སློང་ཡིན་ན་དགེ་སློང་ཞིག་ཡིན་བསམས་པའི་འདུ་ཤེས་མ་བྲལ་བའི་ཐོག་ནས་བསྟན་པར་ཞབས་འདེབས་སྒྲུབ་དགོས་པ་རེད་ཅེས་བཀའ་གནང་སོང་།

ཡང་༧གོང་ས་མཆོག་གིས་གྲུབ་མཐའ་ཕྱོགས་རེས་དང་འཐེན་ཁྱེར་ནི་དགོས་མེད་ཀྱིས་མཐོང་རྒྱ་ཆུང་དྲག་པའི་སྐྱོན་ཡིན་ཚུལ་བཀའ་སློབ་གནང་དོན། ངས་རྟགས་པར་བཤད་བསྡད་བཞིན་ཡོད། ཁྱེད་རང་ཚོས་ཀྱང་ཤེས་ཀྱི་རེད། སྔར་ང་ཚོ་བོད་ནང་ལ་གྲུབ་མཐའ་ཕྱོགས་རེས་བྱེད་ཡ་དེ་འདྲ། བློ་རྒྱ་ཆུང་དྲག་པ་དང་མཐོང་རྒྱ་ཆུང་དྲག་ནས་དེ་འདྲའི་འཐེན་ཁྱེར་བྱེད་ཡ་ཞིག་ཡོད་པ་རེད། དེ་ཚོའི་གྲས་ནི་སྐྱོན་ཆ་རེད་མ་གཏོགས་བཟང་པོའི་ཡོན་ཏན་གང་ཡང་མ་རེད། སོ་སོ་རང་ཉིད་ཀྱིས་ཁ་འདོན་དགེ་སྦྱོང་དང་ཐོས་བསམ་སློབ་གཉེར་བྱ་རྒྱུ་དེ་གལ་ཆེ་ཤོས་རེད། གཙོ་བོ་ང་ཚོས་རྩ་བ་དེར་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ས་དགེ་བཀའ་རྙིང་ཚང་མ་སྟོན་པ་བཅོམ་ལྡན་འདས་དང་དཔལ་ལ་ལན་ཌའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་རེད་ཅེས་བཀའ་གནང་སོང་།

རྒྱལ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།