མང་གཙོ་ལོ་༥༠འཁོར་བར་བོད་གཞུང་མང་གཉིས་ཀྱིས་བརྟན་བཞུགས།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་མང་གཙོ་གསོལ་རས་གནང་ནས་མི་ལོ་༥༠འཁོར་བའི་དུས་ཚིགས་འདིར། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་ཁྱོན་བོད་མི་སྟོང་ཕྲག་༢༠ལས་བརྒལ་བ་འདུ་འཛོམས་ཀྱིས་གང་ཉིད་ལ་བརྟན་བཞུགས་རྒྱས་པ་ཞིག་འདེབས་འབུལ་ཞུས་སོང་།
དེ་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རང་ཅག་བོད་མི་རྣམས་ལ་ཆབ་སྲིད་ཀྱི་མང་གཙོ་གསོལ་རས་བསྩལ་ནས་མི་ལོ་༥༠འཁོར་བའི་དུས་ཚིགས་ཁྱད་པ་ཅན་འདིར། བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ད་ནང་ཞོགས་པ་སྟེ་ཕྱི་ལོ་༢༠༡༠ཟླ་༩ཚེས་༡སྐལ་བཟང་དགེ་བའི་ཉིན་མོར། བོད་མི་འདུས་སྡོད་ཆེ་ས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་ཁུལ་དུ་ཡོད་པའི་སེར་སྨད་ཆོས་སྒར་དུ། དགེ་ལྡན་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ཀྱིས་གཙོས་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་ལས་བརྒལ་བ་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་གཙོས། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་སྐྱབས་གནས་དགེ་འདུན་པའི་སྡེ་སྟོང་ཕྲག་༦ལས་བརྒལ་བ། གཞན་ཡང་བོད་མི་དང་འཛམ་གླིང་གི་རྒྱལ་ཁབ་ཁག་༣༠ཙམ་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་༢༥ལྷག་འདུ་འཛོམས་བྱས་ནས། མགོན་པོ་གང་ཉིད་ཁྱད་པར་གངས་ཅན་ལྗོངས་དང་ཇི་སྲིད་བར་བསྟན་དང་འགྲོ་བའི་མགོན་དཔུང་དུ་བཞུགས་པའི་གསོལ་འདེབས་སྨོན་ལམ་དང་། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མཎྜལ་འདེབས་འབུལ་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་ནས་བོད་གཞུང་མང་གཉིས་ཀྱིས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་བརྟན་བཞུགས་ཟབ་རྒྱས་ཤིག་འདེབས་འབུལ་ཞུས་སོང་།
བརྟན་བཞུགས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།
བརྟན་བཞུགས་ཟེར་ན་འདྲ་གལ་ཆེན་ཤོས་དེ་དད་པ་དང་དམ་ཚིག་ཟེར་བ་དེ་རེད། དེ་ནི་ང་ཚོ་ཚང་མར་ཡོད་ཡོད་པ་རེད། སྤྱིར་བརྟན་བཞུགས་མང་པོ་ཕུལ་ཡོད་པ་རེད། དེ་རིང་འདིར་དམིགས་བསལ་དགེ་འདུན་འདུས་པ་རྒྱལ་མཚོ་འདུས་ཡོད་པ་རེད། དགེ་འདུན་འདུས་པ་རྒྱལ་མཚོའི་བདེན་ཚིག་མཐུ་ལ་བཅས་ལ་བརྟེན་ཡག་པོ་ཞིག་བྱུང་སོང་ཅེས་དང་། ཡང་གང་ཉིད་ཀྱིས། ངས་དེ་སྔོན་དགའ་ལྡན་ཁྲི་རིན་པོ་ཆེའི་དྲུང་ནས་གསུང་ཆོས་མང་པོ་ཞུས་པ་ཡིན། འོན་ཀྱང་དེ་རིང་མཎྜལ་ལྗགས་བཤད་སྐབས། ཕྱེད་ཀ་གོ་སོང་ལ་ཕྱེད་ཀ་གོ་མ་སོང་ཞེས་སྐུ་རྩེད་དང་། གང་ཉིད་ཀྱིས་ད་ལྟ་ཁྲི་རིན་པོ་ཆེ་མཆོག་གིས་ལུང་དྲང་ནས་གསུངས་བ་བཞིན། ནམ་ཡང་སེམས་ཤུགས་མ་ཆགས་པ་བྱེད་ནས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་བཀའ་གནང་སོང་།
དེ་རིང་སྔ་དྲོར་བརྟན་བཞུགས་མ་འབུལ་བའི་སྔོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེར་འདུས་དད་ལྡན་པ་ཡོངས་ལ། ཚེ་དབང་དང་བྱམས་ཆུབ་སེམས་པའི་སྡོམ་པ་བསྩལ་གནང་མཛད་ཡོད་པས་མ་ཚད། མིང་མང་རྣམས་ཡོངས་ལ་བཀའ་སློབ་གསུང་བཤད་ཀྱང་གནང་ཡོད།
སྐབས་དེར་གང་ཉིད་ཀྱིས་ཚན་རིག་པའི་འཕྲུལ་ཆས་དེ་དག་གིས། ང་ཚོར་ད་ལྟ་ཁག་ཡོད་ལག་ཡོད་ཀྱིས་དགོས་མཁོ་ཡོད་པའི་དངོས་པོ་དེ་ཚོ་སྟོན་ཡོང་གི་ཡོད་པ་རེད། ལོ་སྟོང་ཕྲག་སྔོན་དུ་སྨོན་ལམ་རྒྱག་བསྡད་སྡོད་པའི་མ་འགྲུབ་པ་ཞིག ཚན་རིག་དང་འཕྲུལ་ཆས་ཀྱི་ཐོག་ནས་ད་ལྟ་ད་ལྟར་སྒྲུབ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་མི་ཚོའི་བློ་ཕུག་བརྟེན་ས་འདྲ་པོ་དེ་ཆོས་གལ་ཆེན་པོ་རེད་དེ། དེ་ལས་ཀྱང་ཚན་རིག་དང་དངོས་པོ་ཡར་རྒྱས་ཀྱི་ཐོག་ལ་བློ་གཏོད་ཡ་དེ། ད་ལྟ་ད་ལྟའི་སྡུག་བསྔལ་སེལ་ཡ་ཞིག་དང་བདེ་སྐྱིད་བསྒྲུབ་རྒྱུ་ཡོད་པ་ཞིག་ཡིན་དུས། དེ་ལ་ཡིད་ཆེས་ཆེ་བ་ལྟ་བུ་ཞིག་བྱུང་ཡོད་པ་རེད།
ཇི་ཙམ་ཁ་ཉིན་བྷི་ཧར་མངའ་སྡེའི་བློན་ཆེན་གྱིས་གསུང་བཤད་ནང་། སྟོན་པ་ཐུགས་རྗེ་ཅན་གྱི་ཐུགས་རྗེ་ལ་བརྟེན་ནས་བྷི་ཧར་མངའ་སྡེ་དེ་ཡར་རྒྱས་མགྱོག་པོ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་། ཡག་པོ་རེད། ང་གཉིས་ངོ་ཤེས་པ་ཡིན། སྐབས་དེར་ངས་ཁོང་ལ་ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་ངོ་མའི་ཐོག་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྷི་ཧར་ཡར་རྒྱས་འགྲོ་རྒྱུ་ཡོད་པ་ཡིན་ན་སྔ་མོ་ནས་འགྲོ་ཚར་ཡོད་ཀྱི་རེད། འོན་ཀྱང་ལན་ལེན་བསྐྱེལ་མཁན་གྱི་མི་ཞིག་མ་བྱུང་བར་དུ་སྟོན་པའི་ཐུགས་རྗེའི་བྱིན་རླབས་དེ་མངོན་གྱི་མི་འདུག་ཨ་ཞེས་ལབ་པ་ཡིན། སྟོན་པའི་བྱིན་རླབས་དེ་མིའི་ལག་པ་བརྒྱུད་ནས་ཡོང་དགོས་པ་ཞིག་རེད་མ་གཏོགས། སྟོན་པ་བྱིན་རླབས་རྐྱང་པས་ཡོང་གི་མ་རེད་ཅེས་ལབ་པ་ཡིན།
དེར་བརྟེན་དངོས་ཡོད་གནས་ཚུལ་ཐོག་ནས་ང་རང་ཚོས་ལོ་སྟོང་ཕྲག་རིང་སྨོན་ལམ་རྒྱག་ནས་ཡོང་བ་ཤོགས། ཡོང་བ་ཤོགས་ཟེར་བ་དེ་ཚན་རིག་གི་ཐོག་ནས་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་སྟོན་ཡོང་དུས། མིས་ཚན་རིག་ཐོག་དོ་སྣང་ཤུགས་ཆེན་པོ་ཕྱིན་པ་རེད། འོན་ཀྱང་དུས་རབས་ཉི་ཤུའི་སྨད་ཙམ་དུ་དངོས་པོ་ཡར་རྒྱས་ཚད་མཐོ་པོར་ཕྱིན་པའི་ཁ་ཐུག་དེར། སེམས་ཀྱི་བདེ་སྐྱིད་དེ་དངུལ་སྤྲད་ནས་ཉོ་རྒྱུ་མི་འདུག ཁབ་རྒྱག་ནས་ཡོང་ཡ་མི་འདུག བཤའ་བཅོས་བྱེད་ནས་ཡོང་ཡ་མི་འདུག ག་རེ་རེད་ཟེར་ལབ་ན། ཡིད་བློའི་སྡུག་བསྔལ་དེ་ཡིད་བློ་ཁོ་རང་གི་ཐོག་ནས་སེལ་རྒྱུ་རེད་མ་གཏོགས་ཐབས་ཤེས་གཞན་ཡོད་པ་མ་རེད་ཅེས་བཀའ་གནང་སོང་།
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་བྲིས།།