བོད་གཞུང་མང་ཚོགས་ཆེན་མཇུག་བསྡོམས་ཐོག་བཀའ་སློབ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཁ་སང་ཕྱི་ཚེས་༣༡ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་ཁུལ་དུ་ཞབས་སོ་བདེ་བར་འཁོད་ནས། གཞུང་མང་ཚོགས་ཆེན་མཇུག་བསྡོམས་ཐོག་བཀའ་སློབ་གསུང་བཤད་གལ་ཆེན་བསྩལ་གནང་མཛད་ཡོད་པ་རེད།
དེ་ཡང་ཁ་སང་ཕྱི་ཚེས་༣༡ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བྷེ་ཀོ་བོད་མིའི་གཞིས་གྲོང་དང་པོའི་ཉེ་འགྲམ་དུ་ཡོད་པའི་སློབ་གྲྭའི་རྩེ་ཐང་དུ་མཁའ་ལམ་ཐད་འཕུར་གནམ་གྲུ་བརྒྱུད་ཞབས་སོ་བདེ་བར་འཁོད་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་ས་གནས་གནད་ཡོད་མི་སྣ་མང་པོ་ཕེབས་བསུར་བཅར་ཡོད་པ་རེད།
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་དུ་ཆིབས་བསྒྱུར་བསྐྱངས་སྐབས། སེར་ར་བྱེས་སྨད་གཙོས་པའི་ཆོས་སྡེ་ཁག་དང་། བྷེ་ཀོབ་ས་གནས་མི་མང་རྣམས་ཀྱིས་ལམ་ཁར་སྒོ་ཆེན་འཛུགས་པ་དང་། ལམ་གྱི་གཡས་གཡོན་དུ་ཕེབས་བསུའི་འཕྲེད་དར་འཛུགས་པ་སོགས་གྲ་སྒྲིག་ཧ་ལས་པ་བྱས་འདུག
བྷེ་ཀོ་གཞིས་གྲོང་དང་པོ་ནས་སེ་ར་ཐེག་ཆེན་གླིང་བར་དུ་མི་མང་དང་དགེ་འདུན་པ་སྟོང་ཕྲག་༡༠ལས་བརྒལ་བས་ལམ་གྱི་གཡས་གཡོན་ནས་རུ་སྒྲིག་ཕེབས་བསུ་ཟབ་རྒྱས་ཀྱིས། ཐོག་མར་མགོན་པོ་གང་ཉིད་སེ་ར་བླ་སྤྱིའི་ཚོགས་ཆེན་མདུན་ཁང་དང་སེར་བྱེས་མཁས་སྙན་གྲྭ་ཚང་གི་མདུན་ཁང་ཚོགས་ཆེན་སོ་སོར་གདན་འདྲེན་གྱིས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། ཉིན་རྒྱབ་ཆུ་ཚོད་༢པའི་ཐོག་སླར་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཐོག་ཕེབས་ནས། དེར་ཡོད་དགའ་
དེ་རིང་འདིར་ཕྱོགས་མཐའ་ཁག་ནས་ཆེད་མངག་འདིར་ཚོགས་ཞུགས་གནང་མཁན་ཁྱེད་རང་ཚོ་དང་། དེ་བཞིན་ཁྲི་རིན་པོ་ཆེས་དབུས་པའི་རྣམ་པ་ཚོའང་མང་པོ་ཞིག་ཕེབས་གནང་འདུག བྱེས་སྨད་གྲྭ་ཚང་ཁོངས་ཀྱི་དགེ་འདུན་པ་ཡོད་ན་བསམས་ཏེ་དྲན་སོང་། ཁྱེད་རང་ཚོར་ཕེབས་བཞུགས་ཡོད་རེད། ཁྱེད་རང་ཚང་མ་ལ་མཚམས་འདྲི་ཞུ་རྒྱུ་ཡིན། སྔོན་མ་ང་ཚོ་འདིར་བྷེ་ཀོ་རུ་ཚོགས་པ་རེད། དེའི་སྐབས་སུ་ང་ཚོ་གྲྭ་ཚང་ཚོའང་སྐྱོ་བོ་འདྲ་རེད། མཐུན་རྐྱེན་འཛོམ་པོ་འདྲ་ཡོད་མ་རེད། ཡིན་ནའང་དེ་དུས་ལབ་རྒྱུར་བྱུང་། གཞིས་ཆགས་འདི་དག་ཚ་ཚུགས་པོ་ཡག་པོ་ཞིག་བཟོ་ཐུབ་ན། མ་འོངས་པ་ན་གཞིས་བྱེས་གཉེན་འཕྲད་བྱེད་ཡ་དེ་འདྲ་འགྲོ་འོང་ཞིག་ཡོང་སྲིད་ཀྱི་རེད། དེའི་སྐབས་གཞིས་ལུས་རྒྱ་ཆེའི་མི་མང་ཞེད་སྣང་དངངས་སྐྲག་འོག་ལ་གནས་ཡོད་པ་སླེབས་ཡོང་དུས། སེམས་ལ་དགའ་ཚོར་སྐྱེ་བ་ཞིག་བཟོ་དགོས་རེད་ཅེས་སྐད་ཆ་བྱུང་ལ། ལོ་དེ་དག་གི་རིང་མི་འདུག་མི་འདུག་ཟེར་སྡུག་སྐད་རྒྱག་གིན་རྒྱག་གིན། ཡར་རྒྱས་མིག་གིས་མཐོང་རྒྱུ་ཡོད་པ་འདི་འདྲ་བྱུང་ཡོད་རེད།
དེ་རིང་ཚོགས་འདུ་འཚོགས་ཐུབ་པ་དེའང་ཧ་ཅང་ཡག་པོ་བྱུང་འདུག ཁྱོད་རང་ཚོ་གཞིས་སྒར་རེད། ཆོས་སྒར་རེད། དེ་སྔོན་མཐོང་མ་མྱོངས་པ་དེ་དག མཐོང་ཡོང་དུས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གཞིས་ཆགས་ཁག་འདི་འདྲ་ཞིག་འདུག་བསམ་པ་བློ་ལ་ཤར་དུས་ཡག་པོ་བྱུང་བཞག ཁྱེད་རང་ཚོས་བཤད་པ་བཞིན། གོ་སྡུར་ཞིབ་ཚགས་པོར་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་འདུ་ཚོགས་པ་དེ་འདོད་པ་ཚིམས་པ་བྱུང་སོང་ལབ་པ་དེ་ཡག་པོ་རེད། མ་འོངས་པར་ལེགས་བཅོས་དང་། ཚོགས་འཆར་གྱིས་འདོད་པ་ཡོད་བསྡད་པ་དེ་ཡག་པོ་རེད། ང་ཚོ་བོད་སྤྱི་བའི་ལས་དོན་དེ་ང་ཚོ་ཚང་མ་ལྷག་བསམ་ཟོལ་མེད་རྡོག་རྩ་ཆིག་སྒྲིལ་གྱིས་འགྲོ་དགོས་པ་རེད། སྐབས་རེར་ང་ཚོ་བོད་སྤྱི་བའི་སྒྲིག་འཛུགས་དེ་ཕར་ཚད་དེར་ཟུར་དུ་ལྷག་བསྡད་པའི་ཟོལ་འདྲ། མང་ཚོགས་ཟེར་དུས་ཟུར་དེར་ལྷག་བསྡད་པའི་ཟོལ་འདྲ་མ་འགྲིག་མ་མཐུན་པ་ཡོང་གིན་ཡོད་པ་རེད།
ངས་ནམ་རྒྱུན་གཞིས་ཆགས་ལ་ཡོང་དུས་རྟག་པ་ཟེར་བསྡད་ཀྱིན་ཡོད། ཁྱེད་རང་ཚོར་མ་འགྲིག་མ་མཐུན་པ་ཏན་ཏན་ཡོང་གི་རེད། སྔོན་ལ་དེ་ཚོ་བཤད་ས་ཞིག་ཡོད་བསྡད་པ་དེ་ཡག་པོ་རེད་ད། འགྲིག་གི་མི་འདུག་འགྲིག་གི་མི་འདུག་ཟེར་བཤད་ས་མེད་ན། ང་ཚོར་སྤྱི་བའི་སྒྲིག་འཛུགས་གང་ཡང་མེད་ན། དེ་དུས་སུ་ལ་བཤད་དགོས་རེད། བཤད་ས་མེད་པ་ལས་བཤད་ས་ཡོད་པས་དྲིན་ཆེ་རེད་ད་ཅེས། ནམ་རྒྱུན་ངས་བཤད་སྡོད་ཀྱིན་ཡོད།
ང་ཚོ་འདིར་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་རེད། གལ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་ས་ཡ་དྲུག་ཙམ་ཡོད་བསྡད་པ་དེ། བློ་གཏད་ས་དེ་རང་དབང་ལུང་བའི་ནང་ཡོད་བསྡད་པའི་བོད་མིའི་གོང་བུ་དེ་རེད། ང་མི་གཅིག་པུ་མ་རེད། གཞིས་ལུས་བོད་མིའི་བློ་གཏད་ས་ང་ཚོ་ནང་ཁུལ་རྡོག་རྩ་ཆིག་སྒྲིག་གྱིས་བྱེད་རྒྱུ་རེད་མ་གཏོགས། སྤྱི་བའི་སྒྲིག་འཛུགས་ཡོད་བསྡད་པ་དེ་འཁྱར་རེ་འཁྱོར་རེ་བསྡད་བསྡད་མས་དེ་རྡོག་འགྲིག་པོ་ཞིག་མ་བྱུང་ན་ཡག་པོ་མི་འདུག དེ་རྡོག་འགྲིག་པོ་བྱེད་དགོས་རེད་ཟེར་ཡ་ཡོད་མ་རེད། བྱེད་རོགས་གྱིས་ཟེར་ཡ་འབོད་བསྐུལ་བྱས་ན་ཕན་གྱི་མ་རེད། ང་ཚོ་གཞུང་མང་གཉིས་ཀས་ལས་དཀའ་ག་རེ་བྱེད་ཀྱི་ཡོད་པ་རེད། དེ་ཚང་མས་གནས་ཚུལ་ཤེས་པ་བྱས་ནས། ཡིད་ཆེས་རྙེད་པ་བྱེད་དགོས་རེད།
ཡིད་ཆེས་ཟེར་ཡ་དེ་རྡོག་རྩ་ཆིག་སྒྲིལ་ཡོང་ཡའི་གཞི་རྩ་རེད། གུང་ཁྲན་ཏང་ལ་དཔེར་བལྟས་ན། མཐུན་འབྲེལ་མཐུན་འབྲེལ་ཟེར་ལོ་དྲུག་ཅུའི་རིང་བསྡད་སྡད་པ་རེད། རྒྱ་ཡིག་དང་ཡིག་ཆེན་གོང་ཞེ་བོ་བཤད་རྒྱུ་ཡོད་རེད་དེ། མི་ལ་ཡིད་ཆེས་མེད་ན་ཡིད་ཆེས་གང་འདྲས་ཡོང་དགོས་རེད། འཇིགས་སྣང་གི་འོག་ལ་བསྡད་སྡད་མཁན་ཞིག་ལ་ཡིད་ཆེས་ག་འདྲས་སེ་ཡོང་དགོས་རེད། ང་ཚོ་རང་དབང་ལུང་པའི་ནང་ཡོད་རེད། ཡིད་ཆེས་ཡོང་སའི་ཆ་རྐྱེན་ཡོད་རེད། ཡིད་ཆེས་ཡོང་པའི་ཆ་རྐྱེན་གཅིག་དེ། ང་ཚོ་གཅིག་གིས་གཅིག་ལ་གོ་སྡུར་བྱེད། ད་རེས་ཀྱི་ཚོགས་ཆེན་ལྟར། མི་མང་པོ་རུབ་རུབ་བྱས། ཕྱི་གསལ་ནང་གསལ་བྱས་ན་ཡིད་ཆེས་ཡོང་གི་རེད།
ད་དྷ་རམ་ས་ལ་གཅིག་གཅིག་རེད་ཟེར་བའི་ཟོལ་འདྲ་མགོ་ཚོས་ལ་མ་ཚོས་ལ་བཤད་བསྡད་ན། གང་འདྲ་ཡིན་ན་བསམ་པ་དེ་འདྲ་ཡོང་སྲིད་པ་རེད། དེས་ན་མང་ཚོགས་མཉམ་དུ་ག་ཚོད་ཡིན་ནའང་བགྲོ་གླེང་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག ང་ཚོའི་སྟོབས་ཤུགས་ཟེར་ཡ་དེ་མཐུན་འབྲེལ་རྡོག་རྩ་ཆིག་སྒྲིལ་གྱིས་ཡོང་གི་ཡོད་རེད། ང་ཚོ་ལས་ཀ་བྱ་མཁན་དེ་ཚོར་མདུན་རྒྱབ་ངོ་ལྐོག་གང་ཡང་མེད་པ་། ང་ཚོའི་ལས་དཀའ་བྱས་པ་དེ་བསམ་པ་རྣམ་དག་གིས་བྱེད་ཀྱིན་ཡོད། ཁ་ནས་གཅིག་བཤད་ཁོག་ན་གཅིག་ཉར་བསྡད་པ་དེ་འདྲ་ཏིལ་འབྲུ་ཙམ་མེད། དེར་བརྟེན་བདེན་པ་ཡིན་ཙམ། དྲི་བ་དྲིས་ལན་དང་གོ་སྡུར་མང་བ་ག་ཚོད་བྱུང་ན། བདེན་པའི་ནུས་པ་སད་ཡོང་གི་རེད། ང་ཚོ་ག་ཚད་ཐུག་འཕྲད་མང་བ་དང་། གོ་སྡུར་མང་བ་བྱུང་ན། དམ་ཚིག་གོང་བུ་ཆིག་གྱུར་ཡོང་ཡ་ཡག་པོ་ཡོད་རེད། ད་རེས་དངོས་གནས་གྲུབ་འབྲས་ཐོན་པ་ཡག་པོ་ཞེ་དྲག་བྱུང་འདུག་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷག་བསམ་ཆེན་པོས་ལས་ཀ་བྱ་དགོས་ཚུལ་གསུངས་པ།
ང་ལ་དམིགས་བསལ་གང་ཡང་བཤད་རྒྱུ་མི་འདུག་གང་བཤད་རྒྱུ་ཡོད་པ་དེ། ཐོག་མ་ང་ཚོར་འདིར་བཙན་བྱོལ་དུ་འབྱོར་དུས་ནས་ང་འདིར་སླེབས་པ་རེད། ང་འདིར་རྒྱུས་ཡོད་ཡིན། དེ་དུས་ཕར་འགྲོ་ཚུར་འགྲོ་མང་པོ་བྱས་ནས་མི་ལ་སྐད་ཆ་བཤད། བདེ་སྡུག་གནས་ཚུལ་བཤད་དེ་འདྲ་བྱེད་ཀྱི་ཡོད།
ད་མི་རབས་གསར་བ་ཚོས་བྱས་མ་བྱས་དང་ལྷག་བསམ་དག་མ་དག་ལས། ཤེས་མ་ཤེས་གང་ཡང་མི་འདུག་ག བྱས་དུས་ངས་བཤད་དགོས་པ་མི་འདུག་ག སྐབས་རེར་མགོ་ཚོས་རུ་ཚོས་རུ་འགྲོ་དུས་མགོ་བདེ་རུ་བདེ་རུ་འགྲོ་བ་དེ་འདྲ་མི་དགོས་པ་རེད་ད། དངོས་གནས་ལྷག་བསམ་གྱིས་འདང་མ་འདང་དང་ཐུབ་མ་ཐུབ་ལས་ཤེས་མ་ཤེས་མི་འདུག་ག ད་ལོ་རྒས་འགྲོ་གིན་ཡོད་རེད། ཐོག་མ་འདིར་སླེབས་དུས་ལོ་ཉི་ཤུ་རྩ་ལྔ་རྩ་དྲུག་དེ་བར་ཕར་ཚུར་ཕྱིན་ཞེ་བོ་བཤད་པ་རེད། ད་ལོ་བདུན་ཅུ་དོན་དྲུག་སླེབས་པ་རེད། ད་ལྷོད་ལྷོད་བྱས་བསྡད་རྒྱུ་རེད་མ་གཏོགས། ཡང་ལྷོད་ལྷོད་བཞག་གི་མི་འདུག་ག ཕར་ཤོག་ཟེར་ཚུར་ཤོག་ཟེར། མཚམས་རེར་ཕྲན་བུ་ཕན་བསྡད་པའི་ཟོལ་འདྲ་འདུག
ངས་རྟག་པར་སྨོན་ལམ་རྒྱག་གིན་ཡོད། གཞན་ལ་ཕན་པ་སྒྲུབ་རྒྱུ་དེ་རང་གི་ཉམས་ལེན་ཡིན། འདས་པའི་ང་ཚོ་བཙན་བྱོལ་འབྱོར་ནས་བཟུང་ཤེས་ཡོན་ལ་ཤུགས་རྒྱབ་སྟེ། རྒྱ་གར་གཞུང་གི་བཀའ་དྲིན་འོག་ཡག་པོ་བྱུང་ཡོད་པ་རེད། ཡིན་ནའང་ང་ཚོར་མི་རིགས་གཅིག་གི་དཀའ་ངལ་ཡོད་པ་བཞིན་ད་དུང་ང་ཚོར་ནུས་པས་འདང་གི་ཡོད་མ་རེད། སྔོན་མ་ཡིན་ན་ནང་པའི་ཆོས་དེ་ཀླ་ཀློའི་ཆོས་ལུགས་ཤིག་ལ་ངོས་འཛིན་ཀྱིན་ཡོད་པ་རེད། ཡིན་ནའང་དེང་སང་ཚན་རིག་པས་གཙོས། ཧ་གོ་ནས་འཛམ་བུ་གླིང་གིས་ཧ་ཅང་དོ་སྣང་དང་། ཡག་པོ་ཞིག་བརྩི་བཞིན་ཡོད་པ་རེད། སོ་སོས་ཤེས་པ་བྱས། མ་ཤེས་པ་དེ་གཞན་ལ་དྲིས་ནས་ཤེས་པ་བྱེད་དགོས་པ་རེད་ཅེས་གསུངས་སོང་།
གཞིས་ཆགས་སྐོར་གསུངས་དོན། བྷེ་ཀོ་གཞིས་ཆགས་འདི་རྙིང་ཤོས་རེད། དང་པོ་ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་དུ་བསྡད་ཐུབ་ན་བསམ་པ་རེད། དེའི་སྐབས་དུས་ཡུན་ཐུང་ངུ་ཞིག་གིས་ཕྱིར་ལོག་ཐུབ་རྒྱུར་བསམ་པ་རེད། ཡིན་ནའང་ང་ཚོར་སྟོབས་ཆེན་རྒྱལ་ཁབ་ཞིག་ལ་ཁ་གཏད་གཅོག་དགོས་དུས། དུན་ཡུན་ཐུང་ངུ་ཞིག་གི་ནང་ཡོང་རྒྱུ་ཁག་པོ་ཞིག་རེད། ང་ཚོ་ས་ཆ་རྒྱ་ཆེ་རུ་གཏོང་ཡ་མེད་རེད། མི་འབོར་ཆེ་རུ་འགྲོ་གིན་ཡོད་པ་རེད། སྔོན་མ་འཕྲུལ་ལས་ཐོག་ནས་ལས་དཀའ་བྱ་རྒྱུ་སོགས་ཀྱི་རྨི་ལམ་གཏོང་མྱོངས་ཡོད་ཅེས་གསུངས་སོང་།
ཆོས་སྒར་སྐོར་ནས་གསུངས་དོན། ཐོག་མ་སྦག་ས་ནས་དགེ་འདུན་པ་སུམ་བརྒྱ་ལ་རྒྱ་གར་གཞུང་གིས་ཆ་རྐྱེན་གནང་པ་རེད། འོན་ཀྱང་ང་ཚོས་དེས་ཡོང་གི་མི་འདུག་དགེ་འདུན་པ་གཅིག་སྟོང་ལྔ་བརྒྱ་དགོས་ཀྱི་འདུག་ཞུས་པ་ལྟར་དེ་ལྟར་བྱུང་བ་རེད། དེ་ནས་ང་ཚོ་འདིར་སྤོས་པ་རེད་ལ། དེས་ཧ་ཅང་ཕན་ཐོག་བྱུང་འདུག ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་སྟོང་ཕྲག་ལྔ་དྲུག་ཙམ་ཕེབས་ཡོད་པ་རེད། ནུབ་ལ་དགས་ནས། ཤར་མོན་པ་བར་ཡོད་རེད། དེ་དག་ཀྱང་གཉིས་ཕན་གྱིས་ཕན་ཐོག་ཆེན་པོ་བྱུང་ཡོད། འོན་ཀྱང་མཚམས་རེར་རྒྱས་སྤྲོས་ཆེ་རུ་འགྲོ་གིན་འདུག ཡིན་ནའང་སྦྱིན་བདག་གིས་འགྲོ་སོང་བཏང་ཡོང་དུས་བྱེད་ཡ་མེད་རེད། ༼དགོད་མོ་དང་བཅས༽དངུལ་སྦྱིན་བདག་གིས་སྤྲད་བྱུང་༧རྒྱལ་བ་རིན་པོ་ཁ་ཁ་སྡོད་ཟེར་ན་བྱ་ཡ་མི་འདུག
ངས་རྒྱུན་དུ་ཧི་མ་ལ་ཡའི་མི་རིགས་ནས་བཟུང་དུས་རབས་ཉི་གཅིག་པའི་ནང་བ་ཞིག་བྱ་དགོས་རེད་ཅེས་བཤད་ཀྱིན་ཡོད་། ང་ཚོ་དུས་རབས་ཉེ་གཅིག་པའི་ནང་པ་ཟེར་ལབ་ན། དེང་དུས་ཀྱི་ཤེས་ཡོན་ཚང་མ་ཤེས། ཚན་རིག་གི་སྐོར་ནས་གང་འཚམ་ཤེས། སངས་རྒྱས་པའི་ཆོས་རིགས་པ་དང་ལྡན་པ་གཞི་ལམ་འབྲས་གསུམ་གྱི་སྐོར་ནས་ཤེས་དགོས་པ་དེ་གལ་ཆེན་རེད། དེ་ལྟར་རིགས་པས་བློ་གྲོས་ཀྱི་མིག་སྦྱངས་ནས་ཆོས་རྣམས་གཏན་ལ་ཕབ་དགོས་པ་རེད། ང་ཚོས་བྱུང་ན་ཚན་རིག་ཀུན་བཏུས་ཀྱི་གཞུང་ཞིག་དང་། ལྟ་གྲུབ་ཀུན་བཏུས་ཀྱི་གཞུང་ཞིག་བཟོ་དགོས་ཀྱི་ཡོད་སྐོར་སོགས་གསུངས།
མང་གཙོ་སྐོར་ནས་གསུངས་པ། ང་རང་སྒེར་ལ་མཚོན་ན། བོད་ན་ཡོད་དུས་ནས་གོ་མྱོངས། དེའི་དུས་རྒྱལ་པོ་དང་སྐུ་དྲག་གིས་དབང་ཟིན། དྲང་བོ་འདྲ་མ་བྱས་པ་རེད། དེ་དུས་ངའི་ཚགས་པ་འདྲ་བོ་དེ་གད་པ་ཚོ་རེད། ཁོང་ཚོས་ལས་བྱེད་ཡེ་དང་། སྐུ་དྲག་མེ་མེར་གིས་རྒྱུ་དངུལ་ཟོས་པ་རེད་ཟེར། གོ་མྱོངས། དེ་ནས་འཛམ་བུ་གླིང་གི་མང་གཙོའི་འགྲོ་སྟངས་ཏོག་ཙམ་གོ་ནས། ཡང་དག་པ་རེད་འདུག་བསམ་སྟེ། ཁྲལ་བསྡུ་རྒྱུ་སོགས་ནས་བཅོས་བསྒྱུར་བྱ་རྒྱུ་བསམ་བློ་བཏང་བ་རེད། ལེགས་བཅོས་སྤྱི་ཚོགས་༡༩༥༢་ནས་བཙུགས་པ་རེད། འོན་ཀྱང་རྒྱ་མི་གུང་ཁྲན་གྱིས་བཅོས་བསྒྱུར་འགོ་བཙུགས་ནས་ང་ཚོར་ལམ་ལྷོང་མ་བྱུང་བ་རེད། དེའི་འགོ་ཁྲིད་ང་ཕོད་རེད། ང་ཕོད་བསམ་བློ་ཁོག་ཡངས་མོ་རེད།
དེ་ནས་བཙན་བྱོལ་དུ་འབྱོར་ཏེ་རིང་བོ་མ་ཐོག་པ། རིམ་པས་ནང་སྲིད་དང་བཀའ་ཤག་སོགས་བཙུགས་ཏེ་མང་གཙོའི་འགོ་བཙུགས་པ་རེད། དེ་ནས་རྩ་ཁྲིམས་སྙིང་བསྡུས་བཟོས་པ་རེད། དེའི་ནང་མང་མོས་སུམ་ཉིས་ཀྱིས་རྒྱལ་བ་རིན་པོ་ཆེའི་དབང་ཆ་དེ་བཅོས་བསྒྱུར་ཆོག་རྒྱུ་ཟེར་བྱུང་བ་རེད། དེ་ལྟར་མང་གཙོའི་སྐོར་ནས་གཏམ་བཤད་དང་། ༢༠༠༡་ནས་འོས་འདེབས་རིམ་བ་བྱུང་ནས་མང་གཙོ་བྱུང་བ་རེད། དེ་རྒྱལ་ཁ་ཆེན་པོ་རེད། དེའི་རྗེས་ཙམ་ནས་ངས་ཕྱེད་རྒན་ཡོལ་ཡིན་ཟེར་བསྡད་པ་དེ། ངས་བློས་བཏང་བ་མ་རེད། སེམས་ཤུགས་ཆག་པ་དེ་འདྲ་མ་རེད། དེ་མང་གཙོའི་འགྲོ་སྟངས་དང་མཐུན་པ་རེད། དེ་འདྲ་བྱུང་ན་ང་དུས་ཚོད་སྟོང་བ་ལྷག་གི་རེད་བ།
མཚམས་རེར་ང་ལ་རྒྱལ་བ་རིན་པོའི་མིང་ཡོད་པ་དང་ང་ལ་མི་ངོ་ཤེས་པ་མང་བ་ཡོད་དུས་ལས་ཀ་རྒྱ་ཆེ་བ་འགྲུབ་པ་དེ་འདྲ་ཡོད་པ་རེད། དེ་འདྲའི་ཐད་ནས་ངས་བྱས་ན་ཡག་པོ་འདུག་ག རིགས་གཅིག་ང་ཚོའི་སྤྱི་ཚོགས་ནང་འཇོན་པོ་རྒོད་པོ་ག་ཚོད་ཡོད་ནའང་བྱེད་མ་ཐུབ་པ་དེ་འདྲའང་ཡོད་པ་རེད། ངས་ལོ་སུམ་ཅུ་ཙམ་གྱི་སྔོན་ནས་བཤད་ཀྱིན་ཡོད། རྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་རེད་ད། ཟེར་ལབ་བསྡད་ཀྱིན་ཡོད། དེ་འདྲ་བྱུང་ན་ངས་ལས་ཀ་ཐོལ་བ་བྱ་ཆོག་གི་རེད། ང་ལ་བོད་སྤྱི་བའི་ཐོག་སེམས་ཤུགས་ནི་ཡོད་ཡོད་པ་རེད། མ་ཤི་བར་དུ་བོད་པའི་མིང་ནི་བསྡད་སྡད་ཀྱི་རེད། ལས་དང་སྨོན་ལམ་གྱིས་འབྲེལ་བ་ཡོད་ཡོད་རེད།
ངས་སྙིང་རྗེ་གོང་འཐོར་གཏོང་བ་དང་། ཆོས་ལུགས་མཐུན་འབྲེལ་བྱ་རྒྱུའི་ཐད་ལ་ལས་དཀའ་ཞིག་བྱས་བསྡད་ཡོད། དེའི་ལས་དཀའ་དེ་དགའ་ལྡན་ཁྲི་བས་བྱ་ཐུབ་ཀྱི་མ་རེད། ང་ཚོའི་བཀའ་བློན་ཁྲི་བས་ཀྱང་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་དེ་ངས་བྱེད་ཐུབ་ཀྱི་ཡོད་པ་རེད། བྱས་ཙང་ངས་ཐུབ་པ་དེ་ངས་དམིགས་བསལ་སྒོས་ཀྱི་ལས་འགན་ཟོལ་འདྲ་བྱས། ཚུར་དེར་གཞུང་གི་སྒྲིག་འཛུགས་དེས་འགན་ཁྱེར། བཙན་བྱོལ་ནང་ཡར་རྒྱས་གཏོང་ཕྱོགས་སོགས་ལས་ཀ་བྱས་ན་ང་ལས་ལྷག་པ་བཟོ་ཐུབ་ཀྱི་རེད། ངས་ལོ་སུམ་ཅུའི་གོང་ནས་ང་མེད་པ་ནང་བཞིན་ལས་ཀ་བྱ་དགོས་རེད་ཅེས་ངས་ཕྱེད་རྒན་ཡོལ་བཤད་པའི་དོན་དེ་རེད། ཁྱེད་རང་ཚོས་འདིར་ཕྱེད་རྒན་ཡོལ་ཟེར་འགྲིག་གི་མི་འདུག་ཟེར་ལབ་རེད་དེ། ད་ལྟའི་སྐབས་ལས་དཀའ་ཚང་མ་བཀའ་བློན་ཁྲི་བས་ཐག་བཅད་ཀྱིན་ཡོད་མ་གཏོགས། ངས་བཀའ་ཁྲིའི་རྒྱབ་ནས་གསང་བརྡ་འཐེན་པའི་ཟོལ་འདྲ་བྱེད་ཀྱིན་མེད་སོགས་དང་།
ཡང་གང་ཉིད་ཀྱིས་དེ་ནས་རིམ་པས་རིམ་པས་ཕྱེད་རྒན་ཡོལ་ནས་རྒན་ཡོལ་ཁམས་གཙང་འགྲོ་གི་རེད། ངས་ཟེར་བཞིན་ཡོད། ང་ལ་འགན་གསུམ་ཡོད་། འགན་དང་པོ་དང་གཉིས་པ་དེ་ང་མ་ཤི་བར་བྱེད་ཀྱི་རེད། འཚེ་མེད་ཞི་བའི་ལྟ་སྤྱོད་ཡར་རྒྱས་གཏོང་རྒྱུ་དང་། སྙིང་རྗེ་ཡར་རྒྱས་གཏོང་ཡ། ཆོས་ལུགས་མཐུན་འབྲེལ་ཟེར་ཡ་དེ་མ་ཤི་བར་བྱེད་ཀྱི་རེད། གསུམ་པ་བོད་ཀྱི་འགན་ཁྱེར་བ་འདི་ཚད་ཡོད་པ་ཞིག་རེད། གཞིས་བྱེས་མཉམ་འཛོམ་ཡོང་དུས་༡༩༩༢་ལོ་ནས་ལབ་ཟིན། དེ་དུས་གཙང་མ་གཙང་གསེང་བསྡད་རྒྱུ་ལས་གང་ཡང་བྱེད་འདོད་མེད་སོགས་དང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་ངས་འདིར་སྐད་ཆ་ཞིག་འདྲི། ང་འཛམ་བུ་གླིང་འདིའི་ནང་ཡོད་དུས། ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་རེད་དམ་ཡོད་མ་རེད། ཡང་དེ་གོ་ནོར་ཐེབས་རྒྱུ་ཡོད་མ་རེད། ང་སེམས་ཤུགས་ཆག་མེད། ངས་དགོས་པ་རྒྱུ་མཚན་ཞིག་ལ་བརྟེན་ནས་ཟེར་བཞིན་ཡོད། གང་ལྟར་ད་ལྟ་ལོ་༧༦་སླེབས་ཚར་རེད། ལོ་བཅུ་སོང་ན་༨༦ སླེབས་ཟིན་རེད། ད་དུང་བཅུ་སོང་ན་༩༦ སླེབས་ཚར་རེད། ཉི་མ་གཅིག་འགྲོ་གི་རེད་བ། གང་ལྟར་ད་ལྟ་ནས་བང་བསྒྲིགས་ཏེ། མང་གཙོའི་ལམ་གྱི་སྒྲིག་འཛུགས་བཟོས་བཞག་པ་དེ་འགན་ཆ་ཚང་ཁྱེར་ནས། ང་ཡོད་མེད་ཁྱད་མེད་པ། ད་ལྟ་ནས་སྲ་ཐག་ཐག་བྱོས།
རྒྱ་མིས་ཟེར་གི་འདུག་ཨ། ཏཱ་ལའི་བླ་མ་ཤི་གི་རེད། ཏཱ་ལའི་བླ་མ་སྤོ་ཏོ་རེད། ང་ཤི་སྒུག་བྱེད་ཀྱིན་ཡོད་རེད་ཅེས་ཐེངས་འདིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་སྤྱི་མོས་སམ་མང་མོས་ཐོག་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱེད་རྒས་ཡོལ་གྱི་བཀའ་མོལ་ནམ་ཡང་མི་གསུང་རྒྱུ་ཞེས་པའི་དེའི་ལན་དུ། ཕྱེད་རྒས་ཡོལ་ཟེར་བ་ནི་དགོས་པ་དང་རྒྱུ་མཚན་དུ་མ་ཞིག་གིས་ཐོག་ནས་གསུངས་པ་ལས། བོད་སྤྱི་པའི་དོན་དུ་ལས་ཀ་བྱ་འདོད་མེད་པ་དང་སེམས་ཤུགས་ཆགས་པ་རྩ་བ་ནས་མིན་སྐོར་ཐེངས་འདིར་སླར་ཡང་བཀའ་སློབ་ནན་མོ་གསུངས་སོང་།
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་དང་འཆང་ར་བ་དྲི་མེད་རྒྱལ་མཚན་གཉིས་ཀྱིས་བྲིས།།