གསར་འགྱུར་གསར་པ།:

དགོངས་ཚུལ།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་འཇུག་བསྡོམས་མཛད་སྒོ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༣༡ཉིན། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་ཚོགས་པའི་ཉིན་གྲངས་༦རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡པོ་དེ་དངོས་སུ་མཇུག་སྒྲིལ་བ་དང་། མཇུག་སྡོམ་མཛད་སྒོ་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་དང་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད།

དེ་ཡང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་ཟླ་འདིའི་ཚེས་༢༦ཉིན་དབུ་འཛུགས་ཀྱིས་ཚེས་༣༡བར་ཉིན་གྲངས་༦རིང་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་བསྐོང་འཚོགས་གནང་ཡོད་པ་དང་། ཚེས་༢༦ཉིན་གྱི་སྔ་དྲོར་བྷེ་ཀོ་བདེ་སྐྱིེད་སླར་གསོའི་ཚོགས་ཁང་དབུ་འབྱེད་མཛད་སྒོ་དང་དེ་རྗེས་ཚོགས་ཆུང་ཁག་༨དུ་བགོས་ནས་ཚོགས་ཆུང་ཐུན་མོང་གི་བརྗོད་གཞི་ཆབ་སྲིདེ་དང་། མང་གཙོ་འཕེལ་རྒྱས་སྐོར་ཚོགས་ཐེངས་༦དང་། དེ་རྗེས་ཉིན་གཉིས་རིང་ཚོགས་ཆུང་སོ་སོའི་གཏན་འབེབས་གྲོས་གཞི་ཆོས་དང་རིག་གཞུང་སྐོར། གཞིས་ཆགས་སྲ་བསྟན་སྐོར། དཔལ་འབྱོར་སྐོར། ཤེས་ཡོན་སྐོར། བོད་དོན་དྲིལ་བསྒྲགས་སྐོར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར་སོགས་ལ་གྲོས་སྡུར་ལྷུག་པོ་གནང་བའི་དགོངས་ཚུལ་རྣམས། ཁ་སང་ཕྱི་ཚེས་༣༠ཉིན་བདེ་སླར་ཚོགས་ཁང་དུ་ཚང་འཇོགས་ཀྱིས།   དོན་ཚན་རེ་རེ་བཞིན་སྤྱི་མོས་དང་མང་མོས་གང་ཡིན་ཚོགས་ཐོག་ཏུ་སྙན་སྒྲོན་དང་འབྲེལ་བའི་གཏན་འབེབས་དང་། དེ་རིང་ཕྱི་ལོ་༢༠༡༠ཟླ་༨ཚེས་༣༡ཉིན་སེར་ར་ཐེག་ཆེན་གླིང་དུ་ཚོགས་ཆེན་མཇུག་སྡོམ་གྱི་མཛད་སྒོ་དེ་ཚོགས་ཡོད་པ་རེད།

ཚོགས་ཆེན་མཇུག་སྡོམ་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པས་མ་ཚད། གཞན་ཡང་ཐེངས་འདིའི་མཛད་སྒོ་ཐོག་ཞལ་སེར་བསྟན་པའི་གཙུགས་རྒྱན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་པ་གཉིས། སེར་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་དགོན་པ་སོགས་ཀྱི་དགེ་བཤེས་བླ་སྤྲུལ་སོགས། དེ་བཞིན་བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ས་གནས་ཁག་གང་ས་ནས་ཕེབས་པའི་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་༩༠༠ཡས་མས་ཤིག་ཚང་འཛོམས་གནང་ཡོད་པ་རེད།

ཚོགས་ཐོག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐོར་དང་། བོད་རྒྱའི་གནད་དོན་སྐོར། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་སྐོར། ཡ་རབས་བཟང་སྤྱོད་སྐོར་སོགས་བཀའ་སློབ་གལ་ཆེན་བསྩལ་གནང་མཛད་ཡོད་ལ། དེ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་གསུངས་བཤད་གནང་དོན།

ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཀྱིས་དགོངས་འཆར་ཟབ་རྒྱས་གནང་བར། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་དང་། ས་གནས་སོ་སོའི་མང་ཚོགས་དང་འདི་གར་ཚོགས་འདུར་ཕེབས་པའི་སྐུ་ཚབ་རྣམ་པས་ཚོགས་ཆུང་སོ་སོའི་ནང་གཞི་བྱེས་བོད་མི་མང་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ན་སྤྱི་མོས་ཀྱིས་རྒྱབ་སྐོར་བྱུང་འདུག་པས། བོད་གཞུང་བཀའ་ཤག་གིས་སྲིད་བྱུས་འདི་ལག་བསྟར་ཞུ་རྒྱུའི་སྙིང་སྟོབས་དང་སྤོབས་པ་ཆེས་ཆེར་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་དབུ་མའི་ལམ་གྱིས་སྲིད་བྱུས་དང་མང་གཙོ་འབྲེལ་ལམ་སོགས་ཀྱི་སྐོར་མང་ཚོགས་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཐབས་སྐོར་སྒོ་ཀུན་ནས་འབད་བརྩོན་དགོས་པ་དགོངས་འཆར་གང་མང་བྱུང་དོན་བཞིན། འཛིན་སྐྱོང་གྱི་ངོས་ནས་དྲིལ་བསྒྲགས་དང་། ལམ་སྟོན་གང་ཤེས་གང་ཐུབ་ཞུ་བཞིན་ཡིན་ཐོག ད་དུང་དྲིལ་བསྒྲགས་དང་ཟབ་སྦྱོང་། བགྲོ་གླེང་། ཡིག་ཆ་འགྲེམས་སྤེལ་སོགས་ཀྱང་གང་ཐུབ་ཞུ་རྒྱུ་ཡིན་པས། བཀུར་འོས་སྤྱི་འཐུས་རྣམ་པ་དང་། ས་གནས་སོ་སོ་ནས་འགོ་འཛིན་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་མཉམ་འབྲེལ་གྱི་འབད་བརྩོན་གང་ཐུབ་བྱ་རྒྱུར་རེ་སྐུལ་ཞུ་རྒྱུ་ཡིན།

གཞིས་ཆགས་སྲ་བརྟན་ཡོང་ཐབས་དང་ཤེས་ཡོན་སློབ་གསོའི་སྐོར་། དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་གནད་དོན་སྐོར་ཐེངས་འདིའི་དགོངས་འཆར་ཕེབས་པ་རྣམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱོགས་བསྡོམས་ཀྱི་ལམ་སྟོན་ཕེབས་སྐབས། ལག་བསྟར་ཐུབ་རིགས་ངེས་པར་དུ་ལག་བསྟར་ཞུ་རྒྱུ་ཡིན། དགོངས་འཆར་དེ་དག་ནང་མི་ཉུང་བ་ཞིག་དེ་སྔོན་ཚོད་ལྟ་དང་། འབད་བརྩོན་ཞུས་ཀྱང་དོན་འབྲས་མ་སོན་པའི་རིགས་ཀྱང་འདུག་ཅེས་ཞུ་རྒྱུ་ཡིན།

གཞི་རིམ་རྒྱ་ཆེ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཁྱབ་ཆེ་ཚོགས་ཆེན་འདིའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ལ་འགྱུར་བ་མེད་པའི་ཡིད་ཆེས་བློ་གཏད་སྐྱབས་གནས་ཀྱི་མངོན་པར་གསལ་བ་བྱས་ཏེ། ༧གོང་ས་མཆོག་ལ་བོད་འབངས་ཐུགས་རྗེ་སྐྱེ་བོ་ནས་མི་འདོར་ཞིང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་འགྱུར་འགྲོས་ལ་བསྟུན་ནས། ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་སྔ་མོས་བཞིན་གནང་སྐྱོང་ཡོང་བ་གསོལ་འདེབས་དང་འབྲེལ། ཕྱེད་རྒས་ཡོལ་ལྟ་བུ་བཀའ་བའི་དགོངས་པ་ནམ་ཡང་མི་ཡོངས་བ་ཞེས་གསོལ་འདེབས་འདི། བོད་མི་སྤྱི་བོ་གནམ་གཏན་ཡོངས་ཀྱི་མངོན་འདོད་ངོ་མ་མཚོན་གྱི་ཡོད་པའི་ངོས་འཛིན་དང་འབྲེལ། བཀའ་ཤག་གིས་འདི་བཞུགས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་གསོལ་འདེབས་ཞུ་རྒྱུ་ཡིན།

དེ་བཞིན་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ཡང་བོད་མིའི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་པ་དང་། བཙན་བྱོལ་བོད་གཞུང་གི་ཆོས་དང་རིག་གཞུང་། དཔལ་འབྱོར། ཆབ་སྲིད་དང་བཅས་པའི་ལས་འགུལ་གང་བྱེད་འགན་འཁུར་བླངས་རྒྱུའི་ཆོད་སེམས་གཏན་པོ་ཡོད་ལུགས་གསལ་སྟོན་གནང་འདུག་པར་ཡང་། བཀའ་ཤག་གིས་ཡིད་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་ལས་རིམ་སྙན་སྒྲོན་དང་ངོ་སྤྲོད་གསུང་བཤད་གནང་དོན།

ཐེངས་འདི་ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་། བོད་མི་མང་སྤྱི་འཐུས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༧པ་དང་༨པ་༩པ་སོ་སོར་བགྲོ་གླེང་དང་གྲོས་ཆོད་བྱུང་དོན་ལྟར། བོད་མིའི་འདུས་སྡོད་ཀྱི་མི་འབོར་ཆེ་ས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་ཁུལ་དུ་གཞུང་མང་ཚོགས་ཆེན་འདི་འདྲ་ཤིག་ཚོགས་ཐུབ་པ་དེ། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་དང་ཡང་སྒོས་ང་རང་ཚོའི་ལས་ཀྱི་སྙེ་མོ་བ་དང་། ས་གནས་འགན་འཁུར་མཁན་ཚང་མས་ཕྱ་གྲུ་མཉམ་འདེབས་ཀྱིས། དེ་རིང་བརྩིས་པའི་ཉིན་༦རིང་ཚོགས་ཆེན་གྱི་ལས་རིམ་ཆ་ཚང་འཐུས་སྒོ་ཚང་བའི་ཐོག་ནས་འགྲོ་ཐུབ་པ་བྱུང་ཡོད་པ་རེད།

བོད་གཞུང་མང་ཚོགས་ཆེན་གྱི་ལས་རིམ་དེ་སྔོན་དམིགས་བསལ་ཚོགས་ཆེན་དང་མི་འདྲ་བར། ཚོགས་ཆེན་མཛད་སྒོ་ཐོག་ཚོགས་གཙོས་སྤྱི་ཡོངས་ཀྱི་ཚོགས་འདུར་ལམ་སྟོན་དང་། བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ངོས་ནས་སྤྱི་ཚོགས་ཀྱི་གནས་སྟངས་གཟིགས་སྟངས། ཆབ་སྲིད། དེ་བཞིན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་རེ་རེ་བཞིན་གྱིས་ལས་དོན་བྱེད་ཕྱོགས་སྐོར་བཀའ་སློབ་གནང་ཡོད་པ་རེད།

དེ་རྗེས་ཚོགས་ཆུང་དུ་བགོས་ནས་མི་མང་ཚོས་དོ་སྣང་ཡོང་ཆེད་གྲོང་སྡེ་སོ་སོའི་ཚོགས་ཁང་དུ་ཚོགས་ཆུང་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུར་ཆ་མཚོན་ན། ཚོགས་མི་ཁག་ཅིག་གིས་ཚོགས་འདུ་མ་ཕེབས་པའི་སྔོན་དུ་མི་མང་ཚོ་དང་ལྷན་དུ་གོ་སྡུར་གནང་ནས་ཕེབས་པ་དེ་འདྲ་འདུག ཡང་ཁག་ཅིག་དང་བླངས་ཐོག་ནས་ཕེབས་པ། ནམ་རྒྱུན་བོད་དོན་ཐོག་ཐུགས་སྣང་གནང་མཁན་དེ་འདྲ་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་ལུང་པ་ཁག་༡༥ཙམ་ནས། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་འཐུན་ཚོགས་པ། ཁྱོན་བསྡོམས་རྒྱལ་ཁབ་ཁག་༢༠ཙམ་ནས་ཕེབས་ཡོད་པ་དེ་འདྲ་ཆགས་ཀྱི་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་པའི་དགོངས་འཆར་རྣམས་ངེས་པར་དུ་ལག་ལེན་དུ་བསྟར་དགོས་པའི་ཁྲིམས་ཀྱི་ནུས་པ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། འོན་ཀྱང་མ་འོངས་པར་བཀའ་ཤག་དང་། སྤྱི་འཐུས། དེ་བཞིན་ལས་ཀྱི་སྣེ་མོ་བ། མི་མང་ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་དང་། ལྷག་པར་དུ་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་གཉིས་ལ་ལམ་སྟོན་གྱི་ཡིག་ཆ་ཞིག་ཆགས་པའི་རེ་བ་ཞུ་བཞིན་ཡོད། དེ་བཞིན་མ་འོངས་པར་བཀའ་ཤག་དང་སྤྱི་འཐུས་ཀྱིས་ལག་བསྟར་གང་བསྟར་ཐུབ་པ་དང་མ་ཐུབ་པ། བསྟར་ཐུབ་པ་དེ་བརྗོད་མེད་དང་བསྟར་མ་ཐུབ་པ་དེ། མ་ཐུབ་པའི་རྒྱུ་མཚན་གང་ཡིན་པ་དེ་མི་མང་ལ་ཁ་གསོལ་པོ་འགྲེལ་བརྗོད་གནང་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་ཆབ་སྲིད་དང་འབྲེལ་བའི་སྐོར་དོན་ཚན་༣༤དང་། མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་སྐོར་དོན་ཚན་༢༩། ཆོས་དང་རིག་གཞུང་སྐོར་དོན་ཚན་༡༣། གཞིས་ཆགས་སྲ་བརྟན་སྐོར་དོན་ཚན་༣༢། དཔལ་འབྱོར་སྐོར་དོན་ཚན་༡༨། ཤེས་ཡོན་སྐོར་དོན་ཚན་༣༠། བོད་དོན་དྲིལ་བསྒྲགས་སྐོར་དོན་ཚན་༡༨། རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར་དོན་ཚན་༨། འཕྲོད་བསྟེན་སྐོར་དོན་ཚན་༡༤བཅས་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་རེད།

དགོངས་འཆར་དོན་ཚན་དེ་དག་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱེད་བགྲེས་ཡོལ་གྱི་དགོངས་བཞེད་ནམ་ཡང་མི་གནང་རྒྱུའི་རེ་སྐུལ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཐད་གང་ཉིད་ཀྱི་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་ལ་བློ་རྩེ་གཉིས་མེད་ཀྱིས་ཤར་བསྐྱོད་བྱ་རྒྱུ། སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་གོང་འཕེལ་གཏོང་རྒྱུ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ནི་བོད་མིའི་ངོ་ཚབ་ངོ་མ་དེ་ཡིན་པའི་རྒྱ་མི་རིགས་གཙོས་པའི་རྒྱལ་སྤྱིའི་ནང་ངོ་སྤྲོད་བྱ་རྒྱུ།

བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ལ་ཞེན་ཏེ། རྒྱལ་གཅེས་སློབ་གསོ་དུས་ནས་དུས་སུ་སྤེལ་རྒྱུ། རྒྱ་གཞུང་གིས་བཟོས་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་ཐབས་ཀྱི་ཡིག་ཆ་ཨང་༥པ་ཟེར་བ་དེར་མཐའ་ཅིག་ཏུ་ངོ་རྒོལ་དང་། ངོས་ལེན་རྩ་བ་ནས་མེད་པའི་ལས་འགུལ་བརྩམ་རྒྱུ། སྤྱི་འཐུས་རྣམ་པའི་གཙོས་གཞུང་ཞབས་ལས་བྱེད་རྣམས་གཞུང་འབྲེལ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ། མ་འོངས་འབྲེལ་མོལ་གྱི་སྐུ་ཚབ་ནང་རྒྱ་ཡིག་རྒྱ་སྐད་ལ་ཆེད་དུ་མཁས་པའི་རབ་བྱུང་ན་བརྒྱ་ཆ་༥༠དང་དེ་མ་བྱུང་ན་རེ་གཉིས་ཤིག་ངེས་པར་དུ་གཏོང་རྒྱུ།

འབྲེལ་མོལ་སྐུ་ཚབ་ནང་མི་རབས་རྒན་གཞོན་བར་གསུམ་སྣ་འཛོམས་དགོས་རྒྱུ། འབྱུང་འགྱུར་བཀའ་ཁྲི་སུ་སླེབས་ཀྱང་ལས་ཁུངས་རེར་བཀའ་བློན་རེ་བསྐོ་རྒྱུ། མི་འབོར་འཕེལ་རྒྱས་སླད་ཕྲུ་གུ་མང་པོ་སྐྱེས་མཁན་ལ་འཚོ་སྣོན་དང་། ཕྲུ་གུའི་སློབ་ཡོན་སོགས་མཐུན་རྐྱེན་སྦྱོར་རྒྱུའི་སྲིད་ཇུས་དགོས་སྐོར། བལ་ཡུལ་དུ་ཛ་དྲག་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་རྒྱལ་ཁབ་གཞན་ཞིག་ཏུ་སྤོ་ཐབས་གནང་རྒྱུ། ཁ་ཐོར་བོད་མི་གཞིས་ཁོངས་སུ་འཇུག་དགོས་རྒྱུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་ངེས་པར་དུ་རང་རེའི་ཤེས་ཡོན་སྒྲིག་འཛུགས་ཁག་ནས་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་དགོས་སྐོར་སོགས་འཁོད་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།