ལོ་རྒྱུས་དང་འབྲེལ་བའི་རང་བཙན་འཐབ་རྩོད་ལ་འགྱུར་བ་མེད།
མཐའ་མའི་བསྐྱར་བཅོས། (༢༨༢༠༡༠༡༣༤༣) འབྲི་མཁན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བཅར་འདྲི་བྱས།། ༢༨༢༠༡༠༡༣༡༧
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་སུ། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་འཚོགས་བཞིན་པའི་༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་༽ཐོག་དགོངས་ཚུལ་ག་རེ་བྱུང་མིན་སྐོར་བཅར་འདྲི་ཞུས་སྐབས། ཁོང་གིས་ཐེངས་འདིར་གལ་ཆེ་ཤོས་ནི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་འདུ་བསྡུ་སྐོང་གནང་མཁན་དེ་བོད་གཞུང་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ནས་ལས་དོན་ཚགས་ཚུད་ཤོས་དང་གྲུབ་འབྲས་ཆེ་ཤོས་དེ་ག་རེ་མཐོང་གི་ཡོད་ཟེར་ན། སྤྱིར་ཚོགས་འདུ་སྐོང་མཁན་དེ་སྐྱབས་བཅོལ་གཞུང་ཞིག་གིས་ཚོགས་འདུ་སྐོང་གི་ཡོད་པ་རེད། དེར་གཞུང་གིས་བཀའ་བཏང་བ་དེ་འདྲ་གང་ཡང་ཡོད་པ་མ་རེད། འོན་ཀྱང་གཞུང་གིས་བཀོད་ཁྱབ་དང་ལས་རིམ་བང་སྒྲིག་པ་ནང་བཞིན། སྤྱིར་སྒེར་ཚང་མས་སོ་སོའི་གཞུང་ལ་ཆེ་མཐོང་དང་། ཡིད་ཆེས། གུས་བཀུར་གྱི་ཐོག་ནས་ཚང་མ་མཉམ་འབྲེལ་དུ་འདིར་འདུ་འཛོམས་བྱུང་བ་དེ་ནི། ང་ཚོ་རྡོག་རྩ་ཆིག་སྒྲིལ་གྱི་ཆ་ནས་རེད། གཞུང་དང་མི་མང་མཉམ་རུབ་ཀྱི་ཆ་ནས་ང་ཚོར་གྲུབ་འབྲས་ཆེ་ཤོས་ཤིག་དང་། སྤོབས་པ་སྐྱེ་འོས་པ་ཞིག་ཆགས་བསྡད་ཡོད་པ་རེད་བསམས་ཀྱི་འདུག ཐེངས་འདིའི་ཚོགས་འདུ་ཐོག་བརྗོད་གཞི་ལ་ཆགས་བཞག་པ་ཡིན་ན། སྤྱིར་ཡོངས་ཀྱི་བརྗོད་གཞི་ཆེ་ཁག་ཆབ་སྲིད་སྐོར་དང་མང་གཙོ་སྐོར། ཆུང་ཁག་ནང་བརྗོད་གཞི་ཁག་ཚོགས་ཆུང་དུ་བགོས་ནས་གྲོས་སྡུར་གནང་བཞིན་པ་ཞིག་ཆགས་བསྡད་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་ང་ཚོའི་སྤྱི་ཁྱབ་ཚོགས་གཙོ་དྲིལ་བསྒྲགས་སྡེ་ཚན་གྱི་ནང་ལ་ཆ་ཤས་བླང་བཞིན་ཡོད་པ་རེད་ལ། ང་ལ་ཆགས་བཞག་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞིའི་ནང་ལ་ཆོས་དང་རིག་གཞུང་གི་སྡེ་ཚན་གྱི་ཚོགས་ཆུང་ནང་ལ་ཆ་ཤས་བླང་བཞིན་ཡོད།
ཐེངས་འདིའི་ཚོགས་འདུ་ཐོག་གལ་ཆེ་ཤོས་དེ་གཞུང་དང་མི་མང་མཉམ་རུབ་ཀྱི་ཐོག་ནས་བསམ་ཚུལ་སྤུང་སའི་སྡིང་ཆ་ཞིག་སྐྲུན་ཡོད་པ་རེད། དེ་ཧ་ཅང་གནད་འགག་ཆེན་པོ་རེད། སྤྱིར་སྟངས་ཐེངས་འདིའི་ཚོགས་འདུ་ཐོག་བསམ་ཚུལ་གང་ཕུལ་བ་དེ་མ་འོངས་པར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་རེད། སྤྱི་འཐུས་ཀྱི་ཀྱང་ལམ་སྟོན་དང་རྩ་འཛིན་གྱི་ཡིག་ཆ་གལ་ཆེན་པོ་ཞིག་ཏན་ཏན་ཆགས་ངེས་རེད་བསམས་ཀྱི་འདུག དེ་འདྲ་ཆགས་ཀྱི་ཡོད་པའི་ཆ་ནས་འབྱུང་འགྱུར་འཛིན་སྐྱོང་གི་ངོས་ནས་རེད། གྲོས་ཚོགས་ཀྱི་ངོས་ནས་ཐེངས་འདིར་གཞུང་མང་མཉམ་རུབ་ཀྱི་ཐོག་ནས་བསམ་ཚུལ་ཕུལ་བ་དེ་ཚོ་མ་འོངས་པར་གུ་ཡངས་པོ་དང་། བློ་ཁོག་ཆེན་པོའི་ཐོག་ནས་མ་འོངས་པར་བླངས་དོར་བྱེད་དགོས་པ་ཏན་ཏན་ཆགས་ཀྱི་རེད་བསམས་ཀྱི་འདུག་ཅེས་གསུངས་བྱུང་།
ཡང་ཁོང་ལ་ཐེངས་འདི་སྐུ་ཉིད་ཚོགས་བཅར་ཞུ་སྐབས་གནས་ཚུལ་འདི་དང་འདི་རིགས་ངེས་པར་དུ་ཚོགས་ཐོག་ཏུ་ཞུ་དགོས་པ་འདུག་བསམས་པ་འདྲ་ཡོད་པ་ཡིན་ནམ་ཞེས་ཞུས་དུས། ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས། ཐེངས་འདིའི་ཚོགས་འདུ་ཐོག་༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་ཕུལ་བའི་རེ་འབོད་རིགས་ཀྱི་སྙིང་གཏམ་༽ཟེར་བའི་དེབ་ཆུང་ཞིག་ཕུལ་ཡོད་པ་རེད། དེབ་ཆུང་དེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་དོན་གྱི་རེ་བ་དང་། བོད་གཞུང་མང་གཉིས་ལ་རེ་བ་གང་ཡོད་པ་དེ་དེབ་ཆུང་དེའི་ནང་ཧ་ཅང་གསལ་པོ་ཡོད། དེའི་ནང་གལ་ཆེ་ཤོས་འདྲ་ཞུས་པ་ཡིན་ན། ཆབ་སྲིད་ཀྱི་གནས་ཚུལ་ཐོག་ནས་སྟོབས་ཤུགས་ཆེ་ཁག་བདུན་ཅན་ཞིག་ང་ཚོས་ཐེངས་འདིར་རེ་སྐུལ་ཞུས་ཡོད་པ་རེད། དེ་ག་ནང་བཞིན་ངེས་པར་དུ་བོད་པའི་རང་བཙན་གྱི་ལོ་རྒྱུས་བདག་དབང་དེ་གཞུང་དང་མི་མང་མདོར་ན་གངས་ཅན་པ་ཡོངས་ཀྱིས་རྒྱལ་སྤྱིའི་ཐོག་ལ་གསལ་པོ་བཟོ་དགོས་པ་དང་། དེར་སྲུང་སྐྱོབ་བྱེད་དགོས་པ་ནི་ང་ཚོའི་ཆབ་སྲིད་ཀྱི་ཆ་ནས་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད། མང་གཙོ་འཕེལ་རིམ་གྱི་ཆ་ནས་བསམ་བློ་གཏོང་བ་ཡིན་ན། གཞོན་ནུ་ལྷན་ཚོགས་ཀྱི་ལོ་མང་པོའི་ནང་འབད་བརྩོན་བྱེད་བཞིན་པའི་ད་ཡོད་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་རང་འཇགས་ཐོག ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་དགོས་པ། ས་གནས་ལ་ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་གྲོས་ཚོགས། ས་གནས་འགོ་འཛིན་བཅས་ཐད་ཀར་མི་མང་རང་གི་ངོས་ནས་ས་གནས་ས་ཐོག་ནས་འདེམས་དགོས་པ་ཞིག་དང་། ས་གནས་གྲོས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་མེད་ས་དེ་ཚོར་ངེས་པར་དུ་བཅའ་ཁྲིམས་ཀྱི་དགོངས་དོན་ནང་བཞིན། བསམ་ཚུལ་དང་འོས་འདེམས་ཞུ་ཐུབ་དགོས་པ་ནི་དེ་རིང་ང་ཚོས་མང་གཙོའི་ཐོག་ནས་འབོད་སྐུལ་ཤུགས་ཆེན་པོ་ཞུས་ཡོད་ལ། ཚོགས་ཆུང་གི་ནང་ལའང་དེ་ཚོ་གྲོས་ཆོད་བཞག་ཐུབ་པའི་གནས་སྟངས་ཤིག་ཆགས་སོང་།
དེ་བཞིན་ཆོས་དང་རིག་གཞུང་ལ་ཆགས་བཞག་པ་ཡིན་ན། དེའི་ནང་གཞོན་ནུ་ལྷན་ཚོགས་ཀྱི་གནས་ཚུལ་གཉིས་ཀྱི་ཐོག་ནས་ཤུགས་རྒྱག་བཞིན་ཡོད་པ་རེད། དེ་གཉིས་ག་རེ་རེད་ཟེར་ན། གནས་ཚུལ་དང་པོ་དེ་བཙན་བྱོལ་བོད་གཞུང་གིས་གཏན་འབེབས་གནང་ཡོད་པའི་ཤེས་ཡོན་སྲིད་བྱུས་དེ་ངེས་པར་དུ་བོད་མིའི་སློབ་གྲྭ་ཡོངས་ལ་ལག་བསྟར་བྱེད་དགོས་པ་དེ་ཁ་སང་ཚོགས་ཆེན་ཐོག་ཏུའང་གྲོས་ཆོད་བཞག་ཡོད་པ་རེད་ལ། དེ་རིང་ཡང་ང་ཚོས་གྲོས་ཆོད་བཞག་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད། གནད་དོན་གཉིས་པ་དེ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་ངེས་པར་དུ་ཆབ་སྲིད་ཀྱི་སློབ་ཚན་དགོས་ཀྱི་འདུག་ཟེར་བ་དེ། དེ་རིང་ང་ཚོས་ཤུགས་ཆེན་པོ་ཞུས་ཡོད་ལ་ཚོགས་ཆུང་ནང་ལའང་གང་ལ་གང་འཚམ་གྱིས་གྲོས་ཆོད་བཞག་ཐུབ་པའི་གནས་སྟངས་ཆགས་སོང་ཞུ་རྒྱུ་ཡིན། གལ་ཆེ་ཤོས་ཤིག་ནི་མང་གཙོ་གོང་འཕེལ་གཏོང་དགོས་པ་དེ་རེད། མང་གཙོ་གོང་འཕེལ་གཏོང་དགོས་པ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསམ་ཚུལ་ཤུགས་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ནས་བསམ་ཚུལ་ཤོག་གྲངས་༡༠ཙམ་ཞིག་ང་ཚོས་ཚོགས་ཐོག་ཏུ་ཕུལ་ཡོད་པ་རེད། དེ་ཚོའི་གྲས་ནི་གང་ལྟར་སྤྱི་ཡོངས་ཀྱི་ཆ་ནས་གྲོས་ཚོགས་ནང་ལ་གཞོན་ནུ་ལྷན་ཚོགས་ཀྱི་བརྗོད་གཞི་རེ་རེའི་ཐོག་ལ་ལང་ཕྱོགས་དང་རེ་བ་རྣམས་ཧ་ཅང་གི་ཁ་གསལ་པོ་ཡོད་ལ། ཁ་གསལ་པོ་ཡོད་པ་ནང་བཞིན་ཚོགས་བཅར་བ་ཚོས་རྩ་འཛིན་དང་བདག་སྤྲོད་བྱ་རྒྱུའི་རེ་བ་ཡོད། ཚོགས་ཆུང་ནང་ལའང་གང་ལ་གང་འཚམ་གྱིས་གྲུབ་འབྲས་བྱུང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཟེར།
ཐེངས་འདིར་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་དང་གཏན་འབེབས་བྱས་པའི་༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་༽འདིའི་ཐོག་གོ་སྒྲིག་བྱེད་སྟངས་དང་། བརྗོད་གཞི། ཚོགས་བཅར་བ་བསྡུ་སྟངས་དེ་ཚོའི་ཐོག་ནས་འདོད་བློ་མ་ཁེངས་པའང་ཞན་པའི་ཆ་དེ་འདྲའི་རིགས་གཟིགས་སོང་ངམ་ཞུས་དུས།
ཁོང་གིས་གཞུང་གིས་གཏན་འབེབས་གནང་བ་དེར་འདོད་བློ་མ་ཁེངས་པ་དང་། བློ་ཕམ་གྱི་རིགས་གང་ཡང་ཞུ་ཡ་མེད། གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞུང་གིས་ཕྱག་ལས་གནང་བ་དེར་གུས་བཀུར་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ནས་བརྒྱ་ད་ལྟའི་བར་དུ་ཞུ་བཞིན་པའི་གནས་སྟངས་ཤིག་རེད། འོན་ཀྱང་ཆབ་སྲིད་ཀྱི་གནས་སྟངས་དེ་རྩ་བ་ནས་ཐ་དད་རེད། གཞུང་གིས་དབུ་མའི་ལམ་ལ་འབད་བརྩོན་ཞུ་བཞིན་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱིས་གདེང་སྤོབས་དང་ཡིད་ཆེས་ཆེན་པོ་ཞིག་གི་ཐོག་ནས་རང་བཙན་ཐོག་ལ་འབད་བརྩོན་བྱེད་བཞིན་པ་དེ་གཞོན་ནུ་ལྷན་ཚོགས་ཀྱི་ལོ་ངོ་༤༠རིང་གི་ལོ་རྒྱུས་ཤིག་རེད་ལ། མ་འོངས་པར་ཡང་ཐེངས་
དིར་ང་ཚོས་དེབ་དེའི་ནང་ཧ་ཅང་གསལ་པོ་བྲིས་ཡོད་པ་རེད། དེའི་ནང་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྩ་བ་ནས་འགྱུར་བ་མེད་ཅེས་གསལ་པོ་ཞུས་ཡོད་པ་རེད་ལ། མ་ཚད་ང་ཚོས་མ་འོངས་པར་དེ་འདྲའི་དུས་ཚོད་ཅིག་སླེབས་ཀྱི་ཡོད་པའི་རེ་བ་ཞུ་བཞིན་ཡོད། གཞུང་མང་ཡོངས་རྫོགས་གཅིག་གྱུར་གྱིས་བོད་རང་དབང་སླར་གསོའི་ཐོག་ལ་ཤུགས་རྒྱག་རྒྱུར་དུས་ཚོད་ངེས་ཅན་ཞིག་གི་ཐོག་ལ་ཏན་ཏན་འགྱུར་བ་འགྲོ་གི་རེད་དྲན་གྱི་འདུག དེ་འགྱུར་བ་འགྲོ་བར་ང་ཚོས་རྒྱབ་ལྗོངས་ཀྱི་ཐོག་ནས་ག་རེ་ཞུ་བཞིན་ཡོད་པ་ཟེར་ན། གཅིག་ནི་ལོ་རྒྱུས་ཀྱི་ཐོག་ལ་བོད་རང་བཙན་རེད། གཉིས་ནི་བོད་རྒྱ་ཆེ་མི་མང་གི་མངོན་འདོད་རང་བཙན་རེད། དབུ་མའི་ལམ་གྱི་སྲིས་བྱུས་དང་༧རྒྱལ་བ་རིན་པོ་ཆེའི་ལྷག་བསམ་རྣམ་དག་གི་ཐོག་ནས་ཕྱག་ལས་གནང་ཡོད་པ་རེད། འོན་ཀྱང་ཁ་གཏད་རྒྱ་ནག་སྲིད་གཞུང་གིས་རྩ་བ་ཉིད་ནས་ཡ་ལན་དང་བདག་སྤྲོད་བྱས་མེད་པ། ག་དུས་ཡིན་རུང་དབུ་མའི་ལམ་གྱི་སྲིད་བྱུས་ལ། མཐོང་ཆུང་དང་། ཁྱད་གསོད། དུས་ཚོད་འགོར་འགྱང་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ངེས་པར་དུ་མ་འོངས་པར་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་གཞུང་མང་ཡོངས་རྫོགས་ཀྱིས་བོད་རང་བཙན་སླར་གསོའི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་ང་ཚོ་ཚང་མའི་དགོས་མཁོ་རེད་དྲན་གྱི་འདུག
ཚོགས་འདུའི་གྲུབ་ཆའི་གནས་ཚུལ་ཐོག་ཞུས་པ་ཡིན་ན། ཐེངས་འདིའི་བརྗོད་གཞི་ལ་བལྟས་པ་ཡིན་ན། ལས་དོན་མང་ཆེ་བ་གཞུང་རང་གིས་གནང་དགོས་པ་རྐྱང་རྐྱང་ཆགས་བསྡད་ཡོད་པ། དེ་འདྲ་ཡིན་དུས་དེའི་ནང་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཆ་ནས་ཏན་ཏན་ང་ཚོར་བསམ་ཚུལ་ག་རེ་ཡོད་ལབ་ན། ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་ཁག་ངེས་པར་དུ་དགོས་པ་ཞིག་ཚོར་བྱུང་། གང་ཡིན་ཟེར་ན་བོད་དོན་གྱི་དྲིལ་བསྒྲགས་མང་ཆེ་བ་གནང་ཐུབ་མཁན་གྱི་བརྒྱུད་ལམ་དེ་ཕྱི་རྒྱལ་གྱི་དོན་གཅོད་ཁག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་མ་འོངས་པར་བརྗོད་གཞི་ད་ལྟ་འདི་ནང་བཞིན་བཞག་པ་ཡིན་ན། ཚོགས་འདུའི་གྲུབ་ཆའི་ཐོག་ཕྱི་རྒྱལ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་ཁག་ངེས་པར་དུ་དགོས་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བཅར་འདྲི་བྱས།།