རྒྱུད་སྨད་སློབ་གྲར་ནང་ཆོས་འཆད་ཉན་དང་བགྲོ་གླེང་གི་ཚོགས་འདུ།
མཐའ་མའི་བསྐྱར་བཅོས། (༢༧༢༠༡༠༢༡༣༩) འབྲི་མཁན། རྒྱ་གར་ལྷོ་ཕྱོགས་ནས་དགེ་བཤེས་བློ་དགའ་ལགས་ཀྱིས་ཟླ་འདིའི་ཚེས་༢༦ཉིན་བཏང་བའི་གསར་གནས་སུ། ༢༧༢༠༡༠༢༡༣༣
དྲི་བ༽ སྤྱི་བཏང་སློབ་གྲྭ་དེའི་དམིགས་ཡུལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།
གཅིག་ནི། སློབ་གྲྭ་འདིའི་དགོས་དམིགས་ཁག་སྡོམ་ན་གཉིས་སུ་དབྱེ་ཡོད། སྤྱི་ཡོངས་སུ་འཛམ་གླིང་གི་མི་རིགས་སུ་ཡིན་ཡང༌། ནང་ཆོས་ལ་སྦྱང་འདོད་ཡོད་པ་དང་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ཤེས་འདོད་ཡོད་པ། བོད་ཀྱི་ནང་ཆོས་གྲུབ་མཐའ་དང་གཞུང་ཆེན་བཀའ་པོད་ལྔ། བོད་ཀྱི་བྱུང་རབས་ལོ་རྒྱུས་དང་བོད་ཀྱི་ཡིག་སྐད་ལ་དགའ་མོས་བྱེད་ཅིང༌། དགོན་པ་གྲྭ་ཚང་གི་ལོ་རྒྱུས་ཤེས་འདོད་ཡོད་པའི་སྐྱེ་བོ་སུ་ཡིན་རུང༌། གོང་ཞུའི་བརྗོད་གཞིའི་ཐོག་རྒན་དར་གཞོན་གསུམ་གྱི་དབྱེ་བ་མེད་པར་སློབ་སྦྱོང་གི་གོ་སྐབས་ཕུལ་ཐུབ་པ་དང༌།
གཉིས་ནི། བོད་པ་དང༌། བོད་དང་ཆོས་རིག་གཅིག་གིས་མི་རབས་ནས་མི་རབས་བར་འཚོ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་མི་མང་ལ་དམིགས་ཏེ། ཁོར་ཡུག་སོགས་ཀྱི་རྐྱེན་པས་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པ་དང་ལྷག་པར་དུ་བོད་ཀྱི་རིག་གནས་ཀྱི་གོམས་འདྲིས་ཆུང་བ། ཕྱི་རྒྱལ་ཁག་གི་སྤྱི་ཚོགས་ཁོ་ནར་འཚར་བསྐྱེད་བྱུང་སྟེ། བོད་ཀྱི་སྐད་ཡིག་དང་མཐའ་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་ངོ་འཛིན་མི་ཐུབ་པ། སྐད་ཡིག་གི་མཐུན་རྐྱེན་ཡོད་ཀྱང་ཆོས་ཀྱི་གོ་རྟོགས་མེད་པ། དཔེར་ན་ནང་པ་ཡིན་ཟེར་ཡང་ནང་པའི་སྐྱབས་འགྲོའི་གོ་དོན་ཙམ་ཡང་མི་ཤེས་པ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ངོ་མི་ཤེས་པ། སློབ་ཆུང་དང་སློབ་འབྲིང་ནས་ཐོན་ཡང་བོད་སྐད་བོད་ཡིག་གི་ཐོག་ནས་དཀའ་ངལ་འཕྲད་བཞིན་པ་བཅས། བོད་ཕྱི་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ་སུ་ཡིན་རུང༌། ཆོས་ལུགས་དང་རིགས་རུས། རྒན་གཞོན་དར་གསུམ་དང་སྐྱེས་པ་ཕོ་མོ། སྐྱ་སེར་སོགས་ཀྱི་ཁྱད་པར་མེད། ས་གནས་དང་འབྲེལ་ལམ་གང་ཞིག་ནས་འབྲེལ་བ་གནང་ན་གོང་ཞུས་ལྟར་གྱི་གོ་སྐབས་ཕུལ་ཐུབ་པའི་དམིགས་ཡུལ་བཅངས་ཡོད།
དྲི་བ༽ ནང་ཆོས་བགྲོ་གླེང་གི་དགོས་དམིགས་སྐོར་ཅི་ཡིན་ཞུས་པར།
ཁོང་གིས་དེ་རིང་གི་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། སྤྱི་བཏང་བགྲོ་གླེང་མཉམ་ཞུགས་པའི་སློབ་མ་འདི་ཚོ་སློབ་ཕྲུག་ཤིག་གི་ངོས་ནས་ཤེས་ཡོན་ལ་དོ་སྣང་བྱེད་བཞིན་པའི་སྒང་ཡིན་དུས། ནང་ཆོས་དེ་སྲོལ་རྒྱུན་གྱི་སྐད་ཆ་མེད་པར་ངེས་པར་བྱང་དགོས་པའི་རིག་ལམ་རྩ་ཆེན་ཞིག་ཡིན་པ་དང༌། མི་རྣམས་ཀྱིས་མ་འོངས་པའི་འཛམ་གླིང་གི་སྤྱི་ཚོགས་དེ་དམག་འཁྲུགས་དང་མི་གསོད་ཁྲག་སྦྱོར་སོགས་ཀྱི་ཟིང་ཆ་མེད་པའི་ཞི་བའི་ཁོར་ཡུག་ཤིག་ལ་རེ་བ་རྒྱབ་བཞིན་པ་ཡིན་དུས་བོད་ཀྱི་མ་འོངས་པའི་སྤྱི་ཚོགས་དང་སྤྱི་ཚོ་དེའི་རྒྱུད་འཛིན་བྱེད་པའི་བོད་ཀྱི་མི་རབས་ཕྱི་མའི་སོན་རྩར་གྱུར་བའི་སློབ་མ་འདི་ཚོའི་བསམ་བློའི་ནང༌། ནང་ཆོས་ཀྱི་ཤེས་བྱ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད་པས། འདི་ཐོག་ནས་ལྟ་སྟངས་དེ་འདྲ་ཞིག་གཟུང་གི་ཡོད་ཅིང༌། དེང་སང་སློབ་གྲྭའི་སློབ་ཚན་ནང་ཚན་རིག་སྐོར་ཤུགས་ཆེན་པོ་ཡོད་པ་དང༌། བགྲོ་གླེང་འདི་བརྒྱུད་དེ་ནང་ཆོས་ནས་བཤད་པའི་ཚན་རིག་གི་ཤེས་བྱ་མང་པོ་ཞིག་རྙེད་ཐུབ་ཀྱི་ཡོད་ལ། ཕྱི་དངོས་པོའི་ཚན་རིག་གིས་ཕན་ཐོགས་ལས་ནང་སེམས་ཀྱི་ཚན་རིག་དེ་ལྡབ་འགྱུར་གྱི་གལ་ཆེན་པོ་ཡིན་དུས། མ་འོངས་པའི་བོད་ཀྱི་མི་རབས་ཕྱི་མའི་འཚོ་བའི་ནང་བསམ་བློའི་བདེ་སྐྱིད་ལྡན་པའི་དཀྱིལ་གླིང་ཞིག་བསྐྲུན་དགོས་པ་ནི། མི་རབས་འདིའི་ལས་འགན་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། སློབ་གྲྭའི་སྒྲིག་གཙུགས་ནང་དུའང་ནང་ཆོས་ནས་བཤད་པའི་འགྲོ་ཆགས་ཉལ་འདུག་གི་ཀུན་སྤྱོད་དང༌། དགེ་རྒན་ལ་བརྩི་བཀུར་དང་སློབ་མ་ཕན་ཚུན་མཐུན་ལམ་བྱེད་སྟངས་སོགས་ཀྱི་བསླབ་བྱ་ལེན་ཐུབ་པ་དང་བོད་ཀྱི་ཡ་རབས་སྲོལ་རྒྱུན་གྱི་གོམས་གཤིས་གཡུག་ནས། ངོ་ཚ་ཁྲེལ་མེད་ཀྱི་འཁྲུགས་ཆ་དོད་པའི་སྤྱོད་ལམ་དེ་ཚོ་རང་བཞིན་ཆུང་དུ་འགྲོ་བའི་རེ་བ་ཞིག་གིས་དམིགས་ཡུལ་གཙོ་བཟུང་ཡོད།
དྲི་བ༽ སློབ་གྲྭ་དེའི་བྱུང་རིམ་དང་ལས་དོན་བསྒྲུབ་ཟིན་ཇི་ཡོད་སྐོར་དྲིས་པར་ཡང་ཁོང་གིས།
སྤྱི་ལོ་༢༠༠༧ ལོའི་སྤྱི་ཟླ་༡ པོའི་ཚེས་་༨ ཉིན་ྋགོང་ས་མཆོག་རྒྱུད་སྨད་དུ་ཆིབས་བསྒྱུར་བཀའ་དྲི་ཆེ་སྐབས་སུ། ཁྱེད་རང་ཚོའི་གསང་སྔགས་སློབ་གྲྭ་འདིའི་གཤམ་དུ་ས་ཆ་སྟོང་པ་ཆེན་པོ་འདུག ས་ཆ་འདི་བེད་མེད་མི་འཇོག་པར་འཛམ་གླིང་གི་མི་རིགས་ཚང་མས་སློབ་སྦྱོང་བྱེད་ས་ཡོད་པའི་སློབ་གྲྭ་ཞིག་བཙུགས་ཐུབ་ན་ཡག་པོ་མྀ་འདུག་པས། ཅེས་བཀའ་གནང་བ་བཞིན། ལོ་དེའི་ཟླ་༡༠ པའི་ཚེས་༢ ཉིན་སློབ་ཁང་གསར་རྒྱག་གི་ལས་གཞི་དབུ་འཛུགས་བསྐྱངས་ནས་ད་ལྟ་ལེགས་གྲུབ་ཟིན་པ་རེད། སློབ་གྲྭ་འདིའི་མིང་ལ་༼གངས་ཅན་རིག་གནས་སློབ་གྲྭ༽ ཞེས་འབོད་ཀྱི་ཡོད། མིང་དེ་ནི་ྋགོང་ས་མཆོག་གིས་གསོལ་བསྩལ་གནང་བ་ཞིག་ཡིན། སློབ་གྲྭ་འདིའི་དམིགས་ཡུལ་གཙོ་བོ་ནང་ཆོས་སློབ་ཁྲིད་སྐོར་ཡིན། འདི་ལོའི་སྤྱི་ཟླ་༤ པའི་༢༨ ནས་དབུ་ཚུགས་ཏེ། ཧུན་སུར་དང་སྦེལ་ཀོབ་ཀྱི་སློབ་ཕྲུག་༡༧༠ དང་མི་མང་དཀྱུས་མ་༨༥ ལ་སློབ་གྲྭའི་མཛད་སྒོ་དང་བསྦྲགས་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་ཞུས། སྐབས་དེར་ནང་ཆོས་ཟབ་སྟོན་གནང་མཁན། རྒྱུད་སྨད་སྔགས་རམས་པ་བསྟན་འཛིན་སངས་རྒྱས་དང༌། ཚེ་རིང་བཀྲ་ཤིས། ཡེ་ཤེས་དབང་མཛིན་བཅས་རེད། དེའི་རྗེས་འདི་ལོའི་སྤྱི་ཟླ་༥ པའི་ཚེས་༦ ནས་ཟླ་གཅིག་གི་རིང་ཧུན་སུར་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བོད་ཀྱི་རིག་གནས༌། བོད་ཀྱི་རྒྱལ་རབས་བཅས་འཛིན་གྲྭ་ཁག་གསུམ་དུ་དབྱེ་ནས་སློབ་སྤྱོང་སྤྲད་དེ། མཐའ་མར་རྒྱུགས་སྤྲོད་ཀྱིས་ཨ་རིམ་གསུམ་ལ་བྱ་དགའ་དང་གཟེངས་བསྟོད་བྱས། མུ་མཐུད་དེ་སྤྱི་ཟླ་༦ པའི་ཟླ་གཅིག་གི་རིང་ཉིན་གཅིག་ལ་ཧུན་སུར་རབ་རྒྱས་གླིང་གི་གྲུང་སྡེ་དྲུག་ཚན་དྲུག་ཚན་ཕྱེ་ནས་མི་མང་ལ་ནང་ཆོས་ངོ་སྤྲོད་ཞུས་ཡོད། དེའི་རྗེས་༧ པ་དང་༨ པ་གཉིས་ཀྱི་རིང་རེ་གཟའ་ཉི་མ་གང་ཡིན་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་དེ་ད་ལྟ་བར་དུ་འགྲོ་བཞིན་པ་ཡིན། ཞེས་ངོ་སྤྲོད་གནང་སོང༌། རྒྱ་གར་ལྷོ་ཕྱོགས་ནས་དགེ་བཤེས་བློ་དགའ་ལགས་ཀྱིས་ཟླ་འདིའི་ཚེས་༢༦ཉིན་བཏང་བའི་གསར་གནས་སུ།