བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ།
མཐའ་མའི་བསྐྱར་བཅོས། (༢༦༢༠༡༠༢༡༤༢) འབྲི་མཁན། རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།། ༢༦༢༠༡༠༢༡༠༡
ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། དེ་བཞིན་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་དཔོན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་ཁག་གི་སྐུ་ཚབ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་རྣམ་པ། བོད་སློབ་འཛིན་སྐྱོང་ཚོགས་པ་དང༌། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་དང་སམ་བྷོ་ཊ་བཅས་ཤེས་ཡོན་སློབ་གཉེར་སྡེ་ཚན་ཁག་གི་སྐུ་ཚབ་རྣམ་པ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ་རྣམ་པ། གཞན་ཡང་རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན། དེ་བཞིན་མཁས་དབང་དང༌། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་ཁྱོན་མི་གྲངས་༤༠༠ལྷག་ཙམ་ཞིག་ངོ་ཕེབས་གནང་ཡོད་པ་རེད།
བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོ་སྐབས་ཐོག་མར། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་ཚོས་དུང་རྒྱ་སེར་ཕྲེང་དང༌། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་པ་གཉིས། ཆེས་མཐོའི་ཁྲིམས་ཞིབ་པ་བཅས་ཀྱིས་དྲི་བཟང་བདུག་སྤོས་ཀྱི་སྣེ་མོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་འདྲེན་ཞུས།
དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་བ་དང༌། བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང༌། འདི་ལོ་སྐྱེ་རྒུ་མདོ་ཁུལ་ས་འགུལ་དང༌། མདོ་སྨད་འབྲུག་ཆུ་ཡུལ་དུ་འདམ་རུད་ཀྱིས་རྐྱེན་པས། མི་མང་པོ་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་རྗེས་དྲན་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་སོང༌།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ཕྱི་ལོ་༢༠༡༠ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གསུང་བཤད་དང༌། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་བོད་གཞུང་བཀའ་ཤག་གི་གཏམ་བཤད་བཅས་རིམ་པར་གནང་སོང༌།
དེ་ཡང་ཐོག་མར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་༢༠༠༨ཟླ་༡༡ཚེས་༡༧ནས་༢༢བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་མཇུག་བསྒྲིལ་ཟིན་པའི་ཕྱི་ཉིན་ཚེས་༢༣ཉིན་སྤྱི་ནརོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྤྱི་ཕེབས་བྱུང་བའི་ནང་༼ད་རེས་ཀྱི་ཚོགས་ཆེན་འདི་དམིགས་བསལ་བོད་རྒྱ་འབྲེལ་ལམ་སྐོར་ཡིན་ཡང༌། དངོས་གཞི་ཚོགས་འདུའི་ཐོག་རང་རང་གི་མཐོང་ཚུལ་དང་ཉམས་མྱོང་ནས་ཤེས་ཡོན་གྱི་སྐོར་དང༌། འཕྲོད་བསྟེན་གྱི་སྐོར་སོགས་རིགས་ཚང་མའི་ནང་ཡར་རྒྱས་གཏོང་དགོས་པ་དང༌། འདི་དང་འདི་འཐུས་ཤོར་འགྲོ་གི་འདུག་ཅེས་བསམ་འཆར་དང་རེ་འདུན་འདོན་པ་སོགས་གང་ཙམ་ཡོང་གི་འདུག་ཅེས་ངས་གོ་བྱུང་བ་དེ་སྔའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་བྱུང་འདུག དེས་ན་ཚོགས་འདུ་འདི་འདྲ་ལྷ་རབ་བྱུང་ན་ལོ་རེ་དང་དེ་མིན་གནངས་འཆར་ཚུགས་ཐུབ་ན་ཡག་པོ་མེད་དམ་དྲན་གྱི་འདུག༽ཅེས་བཀའ་ཕེབས་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བདུན་པར་དེ་ལྟ་བུའི་འཚོག་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་ཞིག་ཅེས་བཀའ་གནང་སོང༌།
ཡང་ཁོང་གིས་ཐེངས་འདི་ཉིན་༦རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདི་བཞིན་བཅའ་ཁྲིམས་དགོངས་དོན་གྱི་ལས་རིམ་ཞིག་མིན་ནའང་༧གོང་ས་མཆོག་གི་བཀའ་དགོངས་དང་དེའི་རྗེས་འབྲེལ་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཞིག་ཡིན། དེ་ལྟ་ནའང་ཚོགས་འདུ་འདིའི་ཕྱོགས་བསྡོམས་བསམ་ཚུལ་གང་བྱུང་བ་རྣམ་ལ་ཁྲིམས་ཀྱི་ནུས་པ་མེད། སྐབས་དང་དུས་མཚམས་སོ་སོར་ཚོགས་འདུ་འདི་ལྟ་བུ་ཚོགས་དགོས་དོན་གཙོ་བོ་ནི་མང་གཙོའི་ལམ་སྲོལ་དང་མཐུན་པ་མི་མང་གི་འོས་འདེམས་བྱས་པའི་འཐུས་མི་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ནུས་པ་རྩལ་དུ་བཏོན་ཏེ་ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་དང་ལས་འཆར་ཁག་ལ་རྒྱབ་སྐྱོར་དང་ཡང་ན་ལེགས་བཅོས་ཀྱི་བསམ་ཚུལ་གང་ཡོད་སྡིང་ཆ་གཅིག་ཐོག་སྤུངས་ཐུབ་པ། ཐེངས་འདིའི་ཚོགས་ཆེན་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་དང་མང་ཚོགས་བཅས་ཚང་མས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དུ་འགྱུར་ཆེད་ཅིག་ཡིན་དུས། ཚོགས་བཅར་བ་ཚང་མས་སོ་སོའི་རྩ་ཆེའི་དུས་ཚོད་དང་འགྲོ་སོང་བཏང་ནས་ཕེབས་པ་དང༌། གཞུང་གྲོན་བཏང་བ་བཅས་ཆུད་ཟོས་སུ་མི་འགྲོ་བར་ཚོགས་ཆེན་གྱི་ཚོགས་ཆུང་སོ་སོའི་ནང་ཀླད་པ་དཀྲུག་རྒྱུ་མེད་ན་མ་གཏོགས་དཀྲུགས་ཏེ་ཕན་འབྲས་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་བཅས་གསུངས་སོང༌།
དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་དང་བཀྲིན་ཉག་གཅིག་ལ་བརྟེན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། སྤྱི་ཚོགས། ཤེས་ཡོན། འཕྲོད་བསྟེན་སོགས་སྒོ་གང་ས་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་མི་སྨོན་རང་སྐྱིད་ལྟ་བུ་ཡོད་ནའང༌། བོད་དོན་བདེན་མཐའ་གསལ་མིན་དང༌། བཙན་བྱོལ་བའི་གནས་བབ་ད་མུས་བཞིན་རྒྱུན་གནས་ཐུབ་མིན་སྤྱིར་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་དང༌། ལྷག་པར་བཙན་བྱོལ་བོད་མིའི་༼བསམ་སྤྱོད་༽ལ་རག་ལས་ཡོད་པ་རེད། ཕྱི་ལོ་༡༩༥༩ནས་བཟུང་༡༩༧༠དོན་གྲངས་བར་བཙན་བྱོལ་བའི་འཚོ་བ་དང༌། སྤྱི་ཚོགས་ཀྱི་གནས་བབ་གང་ས་ནས་ཐོག་མའི་དཀའ་རྙོག་ཁག་རིམ་སེལ་གྱིས་བརྟན་ལྷིང་གང་ལེགས་བྱུང་ཡོད་ནའང༌། ཕྱི་ལོ་༡༩༨༠གྱ་གྲངས་ནས་བཟུང༌། ལྷག་པར་འདས་མ་ཐག་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་བཙན་བྱོལ་བོད་མིའི་མི་འབོར་དང༌། བསམ་བློ་འཁྱེར་ཕྱོགས། སྤྱོད་ལམ། ཕུགས་དམིགས་བཟུང་ཕྱོགས་སོགས་གང་ཅིའི་ཐོག་འགྱུར་བ་ཤུགས་ཆེ་ཞིག་བྱུང་བ་དང་ཡོང་བཞིན་པ་དེ་དག་གི་ཐོག་ད་རེས་ཚོགས་ཆེན་འདིའི་ནང་དཔྱད་ཞིབ་དང་བཀའ་བསྡུར་གནང་རྒྱུ་གལ་ཆེ་མཐོང་གི་འདུག གང་ལགས་ཤེ་ན། འགྱུར་འགྲོས་དེ་དག་ད་ལྟ་ནས་བོད་མི་མི་རེ་ངོ་རེས་གོ་རྟོགས་དང་ངོས་འཛིན། གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་ན་འབྱུང་འགྱུར་བོད་རིགས་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མིའི་ལས་དབང་ལ་ཕན་གནོད་ཤུགས་ཆེ་འབྲེལ་རྒྱུར་ངེས་པས། ད་ལྟའི་གྲོས་གཞི་ཁག་གི་ཐོག་བཀའ་བསྡུར་དང་དགོངས་འཆར་ཇི་ཙམ་གནང་ཡང་ནམ་ཞིག་འབྲེལ་མེད་ཆགས་རྒྱུའི་ཉེན་ཁ་འདུག འགྱུར་འགྲོས་དེ་དག་གི་ནང་གལ་གནད་ཆེ་རིགས་ཁག་རོབ་ཙམ་ཞུས་ན་སྙམ་བྱུང་ཞེས་བཀའ་ཕེབས་སོང༌།
ཡང་བཀའ་ཁྲི་མཆོག་གིས། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭའི་ནང་འགྲོ་མཁན་སློབ་ཕྲུག་ཞིག་ཡིན་ནའང་འདྲ། མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་ནའང་འདྲ། གཞིས་ཆགས་ཁག་ནས་ཡོང་བའི་རྒན་གཞོན་བར་གསུམ་ཡིན་ནའང་འདྲ། གཞུང་ཞབས་ཡིན་ནའང་འདྲ། ཚང་མར་འགྲོ་སེམས་མ་གཏོགས་འདུག་སེམས་མེད་དུས། དེས་སྤྱི་ཚོགས་དང་མི་སྒེར་ཚང་མར་ལྷིང་འཇགས་མེད་པ་དང༌། ལས་དོན་ཚང་མ་འཐུས་ཤོར་གཏོང་གི་ཡོད་པ་རེད། དེ་ལྟ་བུའི་གནས་བབ་ཞིག་གི་ཐོག་ནས། ཕྱི་རྒྱལ་འགྲོ་ཆེད་དུ་བོད་མི་རིགས་ཀྱི་ཁྱད་ཆོས་ཡ་རབས་བཟང་སྤྱོད་དང་འགལ་བའི། ལག་ཁྱེར་རྫུན་མ་བཟོ་ནས་མི་ལ་སྐྱག་རྫུན་ཤོད་པ། གཡོ་སྒྱུར་འཁྲབ་པ། གཞན་ལ་ལྐོག་རྔན་སྤྲད་པ་སོགས་ཀྱིས་རྐྱེན་པས་ད་ལྟའི་ཆར་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་དང༌། གནམ་ཐང་ཁག་ཏུ་དམིགས་བསལ་བོད་མི་ཚོར་སྔོག་བཤེར་དང༌། དོགས་ཟོན་བྱེད་པ། བོད་མིའི་ཆེ་མཐོང་བརླག་པ། གཞུང་སྒེར་ཚང་མའི་གལ་ཆེ་བའི་ལས་དོན་ཁག་ལའང་འགོག་རྐྱེན་ཐེབས་བཞིན་ཡོད་པ་རེད་ཅེས་བཀའ་གནང་སོང༌། ཡང་གང་ཉིད་ཀྱིས་དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་གཅིག་ལ་སྦྱིན་བདག་གསུམ་བཞི་ཞིག་ཡོད་ནའང་ད་དུང་སྦྱིན་བདག་གཞན་འཚོལ་བ་དང༌། སོ་ནམ་ཞིང་ལས་ལ་སོགས་པའི་ལས་དོན་གང་ཞིག་ཡིན་རུང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་ལམ་སྟོན་དང་རོགས་སྐྱོར་བྱེད་དགོས་པ་ལྟ་བུ་ཞིག་མ་གཏོགས། རང་རང་སོ་སོས་དཀའ་ལས་རྒྱག་ནས་སོ་སོའི་རྐང་པའི་སྒང་ལ་ལང་ཐུབ་པ་བྱ་རྒྱུའི་བསམ་ཚུལ་མེད་པ། དེ་དང་ཆབས་ཅིག་ཏུ་སྦྱིན་ལུགས་ཀྱི་བསམ་བློ་དེ་ཡང་ཤུགས་ཆེ་རུ་ཕྱིན་ནས། སོ་ནམ་ཞིང་ལས་ལ་སོགས་པར་རྐང་པ་ལག་པ་ལ་བརྟེན་ནས་དཀའ་ལས་རྒྱག་མི་དགོས་པ་འཚོལ་ཐབས་གཞན་ཞིག་ལ་བརྟེན་རྒྱུའི་བསམ་བློ་དེ་ཉིན་རེ་ནས་ཉིན་རེར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། གཞན་ཕར་བཞག་ལེ་དབར་ཕྱེད་ཀ་ཙམ་གྱི་ལམ་ཁ་ཞིག་ནས་ཀྱང་གླ་གཏོང་མཁན་འཁོར་ལོ་ཞིག་སྒུག་པ་ལས། གོམ་པ་རྒྱག་མི་དགོས་པ། དྲུག་ཅུ་རེ་གྲངས་བདུན་ཅུ་དོན་གྲངས་ལ་ང་ཚོ་དྷ་རམ་ས་ལར་བཀའ་ཤག་ཡིན་ནའང་འདྲ། གཞུང་ཞབས་ཡིན་ནའང་འདྲ། མི་ཕལ་པ་ཡིན་ནའང་འདྲ། ཚང་མས་གོམ་བགྲོད་བྱེད་ནས་འགྲོ་སའི་ལམ་ཁ་དེ། དེ་རིང་ཁ་སང་གོམ་བགྲོད་རྒྱག་ནས་འགྲོ་མཁན་གཅིག་ཀྱང་མཐོང་རྒྱུ་མེད་པ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། ཅིག་བྱས་ན་དཔལ་འབྱོར་འབེལ་འབེལ་ལྷུག་ལྷུག་ཡོད་པ་ཞིག་ཡིན་གྱི་རེད། ཕྱོགས་གཞན་པ་ཞིག་ནས་ཟ་རྒྱུ་མེད་འཐུང་རྒྱུ་མེད་ཟེར་ནས་ལས་ཁུངས་ཁག་ནས་འཚོ་སྣོན་དགོས་ཟེར་མཁན་དེ་ཚོས་ཀྱང་སྒོར་མོ་༥༠དང་༡༠༠སྤྲད་ནས་རླངས་འཁོར་ནང་འགྲོ་བ་མ་གཏོགས་གོམ་པ་རྒྱག་མཁན་ཞིག་ཧ་ལམ་མེད་པ་འདྲ་པོ་ཞིག་རེད་ཅེས་བཀའ་གནང་སོང༌།
དེ་རིང་ཉིན་བརྒྱབ་ནས་བཟུང་ཚོགས་འདུའི་ཚོགས་ཆུང་ཁག་བརྒྱད་དུ་བགོས་ནས། ཁག་སོ་སོས་འཕྲོད་བརྟེན་དང༌། ཤེས་ཡོན། གཞིས་ཆགས་སྲ་བརྟན་ལ་སོགས་པའི་བརྗོད་གཞི་མི་འདྲ་བའི་ཐོག་ནས་བཀའ་སྡུར་གནང་ནས། ཚོགས་ཆུང་ཁག་གི་བཀའ་སྡུར་གྱི་གྲུབ་དོན་གནས་ཚུལ་རྣམས། ཚོགས་འདུའི་མཇུག་སྡོམ་ཐོག་སྙན་སྒྲོན་ཞུ་རྒྱུ་རེད་འདུག
གཞན་ཡང་ཚོགས་འདུའི་ཉིན་མཐའ་མ་སྟེ་མཇུག་སྡོམ་གྱི་ཉིན་རྒྱབ་ཏུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱང་ཏེ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་རྒྱུ་རེད་འདུག
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།
འདུག་ཀྱང་།
ང་ཡོད་སའི་འཁོར་ཡུག་དང་ དུས་ཚོད་ཀྱི་་རྐྱེན་པས་གསལ་པོ་ཞིག་ཤེས་ཐུབ་ས་རེད་།
དེར་བརྟེན་་སངས་རྒྱས་བཀྲ་ཤིས་ཀྱིས་ཉིན་་རེ་རེའི་གནས་ཚུལ་རྒྱས་ཙམ་འགོད་ཐུབ་པའི་སྨོན་འདུན་ཡོདཙ་