དམིཌ་བསལ་ཚོཌ་ཆེན་ནི་གྲོས་ཆོད་ཨང་༧༥པའི་དགོངས་དོན་རེད།
མཐའ་མའི་བསྐྱར་བཅོས། (༢༦༢༠༡༠༡༢༢༥) འབྲི་མཁན། སངས་རྒྱས་རྡོ་རྗེ། ༢༦༢༠༡༠༡༢༢༠
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས༢༥ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩པའི་ཐོག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭ་རུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དམིགས་བསལ་ལམ་སྟོན་བཀའ་སློབ་ཤིག་གནང་སོང་།དེ་ཡང་བོད་མི་མང་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་མཆོག་ལ། ཚོགས་ལ་ཉེ་བའི་འདི་ལོ་༼བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་༽དེ་ཚོགས་དགོས་པའི་དམིགས་ཡུལ་དང་། རྒྱུ་མཚན་བཅས་བཀའ་འདྲི་ཞུས་སྐབས། ཁོང་གིས་འདི་ལོ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་དགོས་པའི་དམིགས་ཡུལ་ནི། ཕྱི་ལོ་༢༠༠༨ལོར་དམིགས་བསལ་ཚོགས་ཆེན་དེ་ཚོགས་རྗེས། ཚོགས་བཅར་བ་ཡོངས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་དུས་ཁྱེད་རྣམ་པའི་ཚོགས་འདུ་དེ་བརྗོད་གཞི་སོགས་ཧ་ཅང་གི་གྲ་རྒྱས་པོ་དང་ཡག་པོ་བྱུང་འདུག རྗེས་མར་ལོ་གཅིག་དང་གཉིས་ཀྱི་མཚམས་སུའང་ཚོགས་འདུ་དེ་འདྲ་ཞིག་འཚོགས་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕྱིར་ཕེབས་གནང་ཡོད་པ་རེད།
༧གོང་ས་མཆོག་གི་བཀའ་སློབ་དེར་གཞིར་བཟུང་ཐོག་ང་ཚོ་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་རྒྱུའི་གྲོས་ཆོད་གྲོས་འཆར་དེ་འདྲ་ཞིག་གྲོས་ཚོགས་སུ་ཁྱེར་ནས། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་གྲོས་ཆོད་ཡིག་ཆ་ཨང་༧༥པའི་དགོངས་དོན་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཞིག་རེད་ཅེས་བཀའ་གནང་སོང་།
ཡང་ཁོང་ལ་༼བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་འདི་༽རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་དུ་ཚོགས་དགོས་པའི་དམིགས་ཡུལ་གང་ཡིན་སྐོར་དྲིས་སྐབས། ཁོང་གིས་དམིགས་བསལ་ཚོགས་ཆེན་འདིའི་ཚོགས་ཡུལ་ང་ཚོ་སྤྱི་འཐུས་རྒྱུན་ལས་ཚོས་བགྲོ་གླེང་མང་པོ་ཞིག་བྱས་ནས་ཐག་གཅོད་པ་ཞིག་རེད། སྤྱིར་དམིགས་བསལ་ཚོགས་ཆེན་འདི་བཞུགས་སྒར་དྷ་རམ་ས་ལར་འཚོགས་ན་མི་འགྲིག་པ་མེད་ཀྱང་། ལྷོ་ཕྱོགས་བྷེ་ཀོ་བོད་མིའི་གཞིས་གྲོང་འདི་ནི་བཙན་བྱོལ་བོད་མིའི་གཞིས་གྲོང་རྒྱ་ཆེ་ཤོས་ཤིག་ཡིན་པས་མ་ཚད། གཞིས་གྲོང་གསར་འཛུགས་སྔ་ཤོས་ཤིག་ཡིན་པས་དམིགས་བསལ་ཚོགས་ཆེན་འདི་བྷེ་ཀོ་རུ་འཚོགས་རྒྱུ་ཐག་གཅོད་བྱས་པ་ཞིག་རེད་ཅེས་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་མིའི་ཡོང་ཁུངས་གང་འདྲ་ཡིན་མིན་སྐོར་དྲིས་སྐབས།
ཁོང་གིས་དང་པོ་ང་ཚོ་སྤྱི་འཐུས་རྒྱུན་ལས་ཚོའི་འཆར་གཞི་ལྟར་ན། བཀའ་བློན་བཀའ་ཟུར་ཡོངས་རྫོགས། ཁྲིམས་པོ་དང་ཁྲིམས་ཟུར་རྣམ་པ། སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། ས་གནས་གཞིས་འགོ་ཡོངས་རྫོགས། ཕྱི་རྒྱལ་སྐུ་ཚབ་ཡོངས་རྫོགས། ལས་བྱེད་ཀྱི་སྡེ་ཚན་ནང་སྔོན་མ་དམིགས་བསལ་ཚོགས་ཆེན་ཚོགས་སྐབས་ཚོགས་ཞུགས་པ་ཁྱོན་མི་གྲངས་༦མ་ཟིན་ཙམ་ཞིག་ཡོད་པ་རེད། འོ་དེ་འཆར་གཞི་དེ་འདྲ་བྱས་ནས་ཡར་ཕུལ་བ་རེད། འོན་ཀྱང་བཀའ་ཤག་གིས་ཚོགས་ཞུགས་པ་དེ་ཙམ་མང་དྲག་པ་རེད། ཚོགས་ཡུལ་དེ་བྷེ་ཀོ་ཡིན་དུས་དྲུང་ཆེ་རྣམ་པ་དང་། སྐུ་ཚབ་རྣམ་པ། གཞིས་འགོ་རྣམ་པ་ཚོ་ཕེབས་དགོས་བྱུང་ན་ཡོང་ས་མ་རེད། དང་པོ་བཀའ་ཤག་གི་ཁོངས་རྣམ་པ་ཕེབས་ངེས་ཡིན། རྗེས་སུ་ལག་ལེན་བསྟར་དགོས་དུས་བཀའ་ཤག་གིས་ཚང་མར་བཀོད་ཁྱབ་གཏོང་ངེས་ཡིན་ཞེས་གསུངས་བ་རེད་ཅེས་ལན་འདེབས་གནང་སོང་།
ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་༢༠༡༠ཟླ་༨ཚེས་༢༦ནས་༣༡བར་ཉིན་གྲངས་༦རིང་འཚོགས་འཆར་ཡོད་པ་དང་། མཛད་སྒོའི་དབུ་འབྱེད་དེ་བྷེ་ཀོ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་ཚོགས་རྒྱུ་དང་། དེ་རྗེས་ཚོགས་ཆུང་ཁག་བརྒྱད་དུ་བགོས་ནས། ཚོགས་ཆུང་སོ་སོའི་བརྗོད་གཞི་ཐོག་བགྲོ་གླེང་དང་ལས་དོན་སྙན་སྒྲོན་ཞུ་རྒྱུ་རེད་འདུག ཚོགས་ཆུང་ཁག་སོ་སོའི་བརྗོད་གཞི་ནི་ཆོས་དང་རིག་གཞུང་སྐོར། གཞིས་ཆགས་སྲ་བརྟན་སྐོར། དཔལ་འབྱོར་སྐོ། ཤེས་ཡོན་སྐོར། བོད་དོན་དྲིལ་བསྒྲགས་དང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་གནས་སྟང་སྐོར། འཕྲོད་བསྟེན་སྐོར་བཅས་རེད་འདུག
གཞན་ཡང་ཕྱི་ཟླ་༩པའི་ཚེས་༡ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་གཏན་ཁེལ་ཡོད་པ་དང་། ཕྱི་ཚེས་༣ཉིན་མགོན་པོ་གང་ཉིད་ཆུ་ཚོད་༢རིང་རྣམ་གྲོལ་གླིང་དགོན་པར་ཆིབས་བསྒྱུར་གྱིས་དེ་གའི་སློབ་ཐོན་པ་རྣམ་པར་ཕྱག་འཁྱེར་བསྩལ་གནང་མཛད་རྒྱུ་རེད་འདུག
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།