བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ།
མཐའ་མའི་བསྐྱར་བཅོས། (༢༦༢༠༡༠༡༢༣༠) འབྲི་མཁན། སངས་རྒྱས་རྡོ་རྗེ། ༢༦༢༠༡༠༡༢༡༥
དེ་ཡང་དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སེར་ར་དགོན་པའི་༼སེར་བྱེས་འབྲིང་རིམ་སློབ་གྲྭས་༽བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་སློབ་མ་ཚོར་༼དམིགས་བསལ་ལམ་སྟོན་བཀའ་སློབ་༽གནང་བར་གདན་འདྲེན་ཞུས་འདུག
བཀའ་ཁྲི་མཆོག་སློབ་གྲྭའི་ནང་ཆིབས་བསྒྱུར་བསྐྱངས་སྐབས། སློབ་གྲྭའི་མདུན་ཐང་དུ་དགེ་སློབ་ཡོངས་ཀྱིས་དར་དཀར་བཟུང་ནས་ཕེབས་བསུ་ཟབ་རྒྱས་ཞུས་འདུག་པ་དང་། བཀའ་ཁྲི་མཆོག་གིས་སློབ་གྲྭའི་ཚོགས་ཁང་གི་ཡང་ཐོག་ཏུ་གསར་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྐུ་བརྙན་བཅས་ལ་མཇལ་དར་ཕུལ་སོང་།
དེ་རྗེས་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་མ་ཡོངས་སློབ་གྲྭའི་མདུན་ཐང་དུ་རུ་སྒྲིག་ནས། རྗེ་བཙུན་འཇམ་པའི་དབྱངས་ལ་མཆོད་བརྗོད་དང་། བདེན་ཚིག་སྨོན་ལམ། དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཅས་རིམ་པར་ཕུལ་སོང་། མ་ཚད་སྐབས་དེར་སློབ་མ་བཞིས་བོད་རྒྱ་དབྱིན་གསུམ་དང་། ཧིན་དྷི་བཅས་ཀྱི་ལམ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཞིག་ལྗགས་ཀློག་གནང་སོང་།
དེ་ནས་སེར་བྱེས་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་སྐྱབས་རྗེ་མཁན་རིན་པོ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང་། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་མཆོག་གིས་སེར་བྱེས་སློབ་གྲྭའི་སྐོར་ངོ་སྤྲོད་བཅས་རིམ་པར་གནང་སོང་།
དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དམིགས་བསལ་ལམ་སྟོན་བཀའ་སློབ་གནང་དོན།
ཁྱེད་རང་ཚོར་འདིར་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རག་ཡོད་པ་རེད། བོད་ནང་དུ་ཆ་མཚོན་ན། ཁྱེད་རང་ཚོའི་ལོ་ཚོད་དང་མཉམ་པའི་གཞོན་སྐྱེས་བརྒྱ་ཆ་མང་པོ་ཞིག་ལ་འདི་འདྲའི་སློབ་སྦྱོང་བྱ་བསམས་ཡང་གོ་སྐབས་ཡོད་པ་མ་རེད། ཁྱེད་རང་ཚོས་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མ་བཏང་བར། སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཁྱེད་རང་ཚོས་སློབ་སྦྱོང་བྱེད་ནས་མ་འོངས་པར་བོད་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཀའ་གནང་སོང་།
ཡང་བཀའ་ཁྲི་མཆོག་གིས། ད་ལྟ་ཁྱེད་རང་ཚོའི་སློབ་ཚན་ནང་། བོད་དབྱིན་ཧིམ་གསུམ་ཙམ་མ་ཟད་པའི་རྒྱ་ཡིག་ཡང་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་གནང་སོང་།། འདི་ག་གསར་འགོད་པ་སངས་རྒྱས་རྡོ་རྗེས་རྒྱ་གར་ལྷོ་ཕྱོགས་ནས་༢༠༡༠ལོའི་ཟླ་༨ཚེས་༢༥ཉིན་བཏང་གནས།