ཆུ་རུད་ཀྱིས་གོད་ཆགས་ཐེབས་པར་གསོལ་འདེབས་སྨོན་ལམ་ཚོགས་པ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༡ཉིན། ཟླ་འདིའི་ཚེས་༨ཉིན་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་ཁུལ་དུ་ཆུ་རུད་ཀྱིས་གོད་ཆག་འོག་མི་སྐྱོན་ཤི་རྨས་ཚབ་ཆེན་བྱུང་བར། ཕྱི་ཚེས་༡༠ཉིན་གྱི་སྔ་དྲོར་བོད་གཞུང་ཆོས་རིགས་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པོ་དེ་དག་གི་ཆེད་དུ་གསོལ་འདེབས་སྨོན་ལམ་གནང་ཡོད་པ་རེད།
གསོལ་འདེབས་སྨོན་ལམ་སྐབས་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་གཙོས་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་སྲི་ཞུའི་ལས་བྱེད་རྣམ་པ། རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་དགེ་འདུས་པ་དང༌། རྡ་སའི་ཉེ་འཁོར་གྱི་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན། གཞན་ཡང་དྷ་ས་གནས་སྡོད་མིང་མང་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་འདུ་འཛོམས་ཀྱིས་ཆུ་རུད་འཇིག་པའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་དང༌། རྨས་སྐྱོན་གོད་ཆག་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་སྨོན་ལམ་གནང་ཡོད།
ཡང་བདུན་ཕྲག་སྔོན་མར་ལ་དྭགས་ཁུལ་དུ་ཆུ་ལོག་གི་གནོད་སྐྱོན་ཚབ་ཆེན་བཏང་ནས་མི་གྲངས་༡༠༠ལྷག་ཙམ་འཆི་སྐྱོན་བྱུང་བར། དྷ་ས་རུ་བོད་མི་རྣམས་ཀྱིས་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་ཚོགས་ཡོད་ལ། ཐེངས་འདིར་བོད་ནང་དུ་ཆུ་རུད་ཀྱི་གོད་ཆག་ཚབ་ཆེན་ཐེབས་པར་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་རིམ་པར་ཐུགས་གསོའི་འཚམས་འཕྲིན་ཡང་གནང་ཡོད།
ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། འབྲུག་ཆུ་རྫོང་དུ་ཆུ་རུད་ཀྱིས་གོད་ཆགས་འོག་མི་གྲངས་༧༠༠ཙམ་འཆི་སྐྱོན་དང༌། ཁྱོན་མི་གྲངས་༡༤༠༠ཙམ་ག་སོང་ཆ་མེད་དུ་གྱུར་ཡོད་ཚུལ་བརྗོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།