བཀའ་ཁྲིའི་ལས་འགན་བསྒྲུབ་རྒྱུར་འདོད་པ་དང་སེམས་ཤུགས་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༤ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་རི་སྒྲོལ་མ་མཆོག་གིས་གལ་སྲིད་བོད་མི་མང་གིས་གོ་སྐབས་གནང་བ་ཡིན་ན། ང་རང་གི་ངོས་ནས་མ་འོངས་བཀའ་བློན་ཁྲི་པའི་ལས་འགན་དེ་བསྒྲུབ་རྒྱུར་འདོད་པ་དང་སེམས་ཤུགས་ཡོད་ཅེས་གསར་འགོད་གསལ་བསྒྲགས་གནང་སོང༌།

དེ་ཡང་གསར་འགོད་གསལ་བསྒྲགས་ཐོག ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། གལ་སྲིད་ཁོང་ལ་གོ་སྐབས་བྱུང་ཚེ། མ་འོངས་བཀའ་བློན་ཁྲི་པའི་ལས་འགན་དེ་བསྒྲུབ་རྒྱུར་འདོད་པ་ཡོད་ལུགས་ཀྱི་གསུང་བཤད་གནང་དོན།

དེ་རིང་ཞོགས་པར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་དྷ་རམ་ས་ལའི་སྤྱི་ཚོགས་ནང་གི་གསར་འགོད་པ་རྣམ་པར། ང་རང་སྒེར་གྱི་གསར་འགོད་ལྷན་ཚོགས་ཤིག་ཚུགས་རྒྱུའི་འབོད་སྐུལ་བྱས་པ་ནང་བཞིན། ཁྱེད་རྣམ་པར་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ང་རང་ཚོ་ཚང་མས་མཁྱེན་གསལ་རེད། ད་ཆ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་དང༌། སྐབས་༣པའི་བཀའ་བློན་ཁྲི་པའི་འོས་འདེམས་དང་འབྲེལ་བའི་གནད་དོན་ཐད། སྔར་ལས་ལྷག་པའི་སྤྱི་ཚོགས་ནང་མི་མང་ཚོས་དོ་སྣང་གནང་བཞིན་པ་ཞིག་ཆགས་ཡོད་པ་རེད།

དུས་ཚོད་འདི་འདྲ་ཞིག་གི་ནང་ང་རང་སྒེར་གྱི་མ་འོངས་བྱེད་ཕྱོགས་དང་འབྲེལ་བ་ཡོད་པའི་ཐོག་ནས། ཚང་མས་མཁྱེན་རྟོགས་ཡོང་བའི་ཆེད་དུ་དེ་རིང་གསར་འགོད་གསལ་བསྒྲགས་འདི་བྱས་པ་ཡིན། དེ་ཡང་སྤྱི་ལོ་༡༩༩༡ལོར་ཐོག་མར་ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༡པའི་ཐོག་འོས་འདེམས་བྱུང་བ་ནས་བཟུང༌། ད་བར་གཏུད་མར་ཐེངས་༤འོས་འདེམས་བྱུང་ནས་ད་ལྟ་བོད་མི་མང་སྤྱི་འཐུས་ནང་འགན་ཁུར་དང་འཁུར་བཞིན་པ་ཞིག་ཆགས་བསྡད་ཡོད། དེར་བརྟེན་ཐེངས་འདི་ངས་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་མིར་མི་སྡོད་རྒྱུར་ཐག་གཅོད་བྱས་པ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས། སྤྱི་འཐུས་ཀྱི་སྒྲོམ་གཞི་ནང་ང་ཡོང་ཁུངས་དེ་མདོ་སྟོད་ཆགས་བསྡད་ཡོད་པ་རེད། ལོ་ངོ་༡༩རིང་མི་མང་གི་འཐུས་མིའི་གོ་སྐབས་གནང་བ་དེར་ངས་མདོ་སྟོད་མི་མང་ལ་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན།

སྤྱིར་མི་མང་ལ་ཞུ་ཡ་ལ། ཡོང་ཁུངས་གང་འདྲ་ཞིག་ཡིན་རུང༌། བོད་མི་མང་སྤྱི་འཐུས་ཀྱི་དམ་བཅའ་ཕུལ་བའི་རྗེས་ལ། བོད་སྤྱི་པའི་ཆེད་དུ་ཕྱག་ལས་གནང་དགོས་ཀྱི་ཡོད་པ་རེད། རང་གི་ངོས་ནས་བོད་མི་མང་སྤྱི་འཐུས་ཀྱི་འགན་ཙམ་མ་ཟད་པའི་ལྷག་དོན་ལོ་༨ཙམ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བྱ་རྒྱུའི་གོ་སྐབས་ཐོབ་པ་རེད། དེའི་ཐོག་ནས་ལྷག་བསམ་གཏན་པོས་གང་ཐུབ་ཅི་ཐུབ་ཀྱི་ཞབས་ཞུ་བསྒྲུབས་པ་ཡིན།

ད་ཆ་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་ནས། ལྷག་པར་དུ་སོ་སོ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་བཟང་པོ་དེའི་འོག་ནས། བཙན་བྱོལ་གྱི་མང་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་མིས་ཐད་ཀར་མནར་གཅོད་གཏོང་སའི་ནང་སླེབས་ཡོད་པ་མ་རེད། ཡིན་ན་ཡང་མང་གཙོའི་རྒྱ་ཁབ་ཆེན་པོ་འདིའི་ནང་འཚར་ལོངས་བྱུང་བ་རེད། སློབ་གྲྭར་འགྲོ་བའི་སྐབས་དང༌། མཐོ་རིམ་སློབ་གྲྭར་འགྲིམས་པའི་སྐབས། དེ་བཞིན་ཚོགས་པ་འདྲ་མིན་ནང་ལས་ཀ་བྱས་པའི་སྐབས་སུ། སོ་སོ་བུད་མེད་ཡིན་པའི་ཆ་ནས་ཐད་ཀ་ཐོབ་ཐང་ཞིག་དགོས་ཀྱི་འདུག་བསམས་པ་མ་བྱུང་ལ། དེ་བཞིན་བུད་མེད་ཅིག་ཡིན་པའི་ཆ་ནས་གཞན་གྱིས་ཐུབ་ཚོད་བཏང་བ་དེ་འདྲ་ཡང་བྱུང་མྱོངས་མེད།

འོན་ཀྱང་རང་བཞིན་གྱིས་སོ་སོ་བུད་མེད་ཅིག་ཡིན་དུས། དྲང་པོ་ཞུས་ན་མདུན་ལ་ཐོན་རྒྱུ་དེ་དཀའ་ངལ་ཅུང་ཙམ་ཡོད་པ་འདྲ། དེར་བརྟན་ད་ལྟ་བར་དུ་མདུན་ལ་ཐོན་ནས་གསལ་བསྒྲགས་བྱེད་མ་ཐུབ་པ་དེ་སྐྱོན་ཆ་ཞིག་མིན་འགྲོ་བསམ་གྱི་འདུག བཅའ་ཁྲིམས་རིན་པོ་ཆེ་དང་ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཟང་པོའི་འོག ད་ལྟའི་སྐབས་སུ་ཕོ་མོ་འདྲ་མཉམ་ཡོད་པ་རེད། དེའི་གོ་སྐབས་ལེན་ཐུབ་པར་བུད་མེད་རང་ཉིད་མདུན་དུ་དོན་རྒྱུར་གལ་ཆེན་པོ་ཡིན་པ་འདྲ། ང་ལ་ཆགས་བཞག་ན་ལོ་༡༤དང་༡༥ནས་བཟུང་འཐབ་རྩོད་པ་ཁོ་ན་བྱས་ནས་ད་ལྟ་བར་དུ་ལས་ཀ་བྱས་པ་ཡིན།

གལ་ཏེ་ང་བུད་མེད་ཅིག་མིན་པ་ཡིན་ན། ཅིག་བྱས་ན་ངའི་ཐག་གཅོད་དེ་སྔོན་ནས་བྱས་ཚར་ཡོད་ཀྱི་རེད་བསམས་ཀྱི་འདུག དེ་རིང་ངས་འདི་ནས་བཀའ་བློན་ཁྲི་པའི་འགན་འཁུར་དུ་བོད་མི་མང་གི་ངོས་ནས་གོ་སྐབས་གནང་བ་ཡིན་ན། ངའི་ངོས་ནས་བཀའ་བློན་ཁྲི་པའི་འགན་དེ་འཁུར་རྒྱུར་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་དོན་དག་དེ་ཆགས་ཡོད་ཅེས་བཀའ་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༦༢༠༡༠༠༧༡༨
རྒྱ་རི་སྒྲོལ་མ་བཀའ་ཁྲི་བྱས་ན་རྙོག་དྲ་རྒྱུན་མི་ཆད་པ་ཡོང་རྒྱུ་ཐག་ཆོད་ཚར་བ་རེད། མོ་རང་གི་རྒྱུས་ང་ལ་ཡོད། ཕུ་རྒྱུགས་མདའ་རྒྱུགས་དང་། སྒེར་འཁོན་ཕྱོགས་འཐེན་བྱེད་དགོས་ན་མོ་ལས་སྡུག་བ་མེད་རེད། ཡིན་ནའང་འཇོན་ཐང་ཅུང་ཡོད་པའི་བཟོ་འདྲ་ཡོད་པ་དེ་ཚོ་རྒྱ་གར་རྒད་པོ་དེ་ཚོའི་འགྲམ་ལ་རེད། རྒྱ་གར་རྒད་པོ་དེ་ཚོའི་མཉམ་དུ་རྒྱུགས་རྒྱུགས་བྱས་ནས་ཁྱོ་ག་དང་ཁ་བྲལ་ཚར་བ་རེད། བཟའ་ཚང་ཁ་བྲལ་མ་ཐག་པའི་བཀའ་བློན་ཁྲི་པ་ཞིག་སླེབས་ཡོང་ན་ང་ཚོའི་མིང་ཆད་འགྲོ་རྒྱུ་མ་རེད་དམ། ཚང་མས་བསམ་བློ་གཏོང་དང་། རང་གི་བཟའ་ཚང་སྐྱོང་མི་ཐུབ་མཁན་ཞིག་གིས་བོད་མི་རིགས་སྐྱོང་ཐུབ་ཀྱི་རེད་དམ། ད་རུང་དེ་ཡིས་ག་ལ་ཚད། ཉི་མ་འགའ་ཡི་གོང་རོལ་དུ། ལྷོ་ཕྱོགས་གདན་ས་ཆེན་པོའི་ནང་། སྤྱི་དོན་ཁ་ལ་འཁྱེར་ཞོར་ནས། སྒེར་དོན་ཁོ་ནའི་ཆེད་དུ་རྒྱུགས། འབྲས་བསིལ་སུས་བཏང་ཚོགས་འདུ་ཚོགས། ཏྲེ་ཧོར་ཁམས་ཚན་ནང་དུ་རྒྱུགས། བསླབ་ལ་བརྩོན་པའི་གྲྭ་ཚོགས་རྣམས། རང་སེམས་རྣལ་དུ་ཕེབས་མེད་བཟོས། ཐེག་མཆོག་རྣམ་གྲོལ་གླིང་དུ་ཕྱིན། རྒྱ་རི་བུ་ཡི་རྒྱབ་རྩ་བཙལ། ཨེ་བདེན་མི་བདེན་ཉམས་ཞིབ་གྱིས།



བརྗོད་གཞི་གཞན་ཁག་ལ་གཟིགས།