དྷ་སའི་རིཌ་སློབ་དང་ཨ་རིའི་གཙུག་ལག་མཐོ་སློབ་དབར་གན་ཡིག་བཞག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

01january20096 ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༡ཉིན་སྤེལ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་མཐོ་སློབ་རིག་ལམ་སློབ་གཉེར་ཁང་དང་ཨ་རིར་ཡོད་པའི་མཱ་ཡ་མིས་ཞེས་པའི་གཙུག་ལག་མཐོ་སློབ་གཉིས་དབར་གནའ་དེང་གི་ཤེས་རིག་མཉམ་སྤེལ་དང་བརྗེ་ལེན་གྱི་གན་ཡིག་བཞག་གནང་བའི་མཛད་སྒོ་ཞིག་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་ར་ལ་མཐོ་སློབ་ཏུ་འཚོགས་ཏེ་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ཆེད་ཕེབས་གནང་ཡོད་པ་རེད།

སྤྱིར་རིགས་སློབ་དང་མཱ་ཡ་མིས་མཐོ་སློབ་གཉིས་དབར་འབྲེལ་བ་དམ་གཟབ་ཡོད་ལ། ལྷག་པར་དུ་ད་ནས་བཟུང་ཕན་ཚུན་དབར་རིམ་པས་སློབ་མ་མངགས་གཏོང་གནང་སྟེ་ཕྱོགས་གཉིས་པོའི་སློབ་མ་ཚོས་ཕྱོགས་གཉིས་པོའི་ཐུན་མོང་མ་ཡིན་པའི་གནའ་དེང་གི་ཤེས་ཡོན་དང་ལྟ་གྲུབ་མཉམ་སྤེལ་བརྗེ་ལེན་གནང་རྒྱུ་མ་ཟད། འཛམ་གླིང་དུ་འཆམ་མཐུན་དང་ཞི་བདེའི་འཛུགས་སྐྲུན་ལ་ཕན་ཐོགས་ཡོང་བའི་མི་སྣ་གང་མང་སྤེལ་བའི་རེ་བ་ཡོད་ལུགས་སོགས་རིགས་ལམ་སློབ་གཉེར་ཁང་གི་མཐོ་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

ང་ཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུས་ཏེ་མཐོ་སློབ་གཉིས་དབར་གནའ་དེང་གི་ཤེས་ཡོན་དང་ལྟ་གྲུབ་མཉམ་སྤེལ་དང་བརྗེ་ལེན། མཐོ་སློབ་ཕྱོགས་གཉིས་དབར་སློབ་མ་མངགས་གཏོང་གིས་ཉམས་མྱོང་སྤེལ་རེས་ཞུ་རྒྱུ་ཡིན་ལུགས་སྐོར་ཞུ་སྐབས་ཁོང་གིས་ཧ་ཅང་ཐུགས་མཉེས་པོ་གནང་ལུགས་མཱ་ཡ་མིས་གཙུག་ལག་མཐོ་སློབ་ཀྱི་འགན་འཛིན་གཞོན་པ་ཌོག་ཊར་ཌེ་བྷོ་ར་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

མཱ་ཡ་མིས་གཙུག་ལག་མཐོ་སློབ་ནི་ཨ་རིར་ཡོད་པའི་མཐོ་སློབ་རྙིང་ཤོས་༨ཀྱི་གྲས་སུ་ཡོད་ལ། སློབ་མ་སྟོང་༢༡ལྷག་ཡོད་པའི་མཐོ་སློབ་དང༌། མཐོ་སློབ་ཀྱི་སློབ་མ་བརྒྱ་ཆ་༥༠ལྷག་འཛམ་གླིང་གི་ཡུལ་གྲུ་གཞན་དུ་ཤེས་ཡོན་དང་ལྟ་གྲུབ་སྤེལ་རེས་དང་བརྗེ་ལེན་ཆེད་མངགས་གཏོང་གནང་རྒྱུའི་འདོད་པ་ཆེན་པོ་ཡོད་པ། ད་རེའི་བོད་ཀྱི་མཐོ་སློབ་དང་མཉམ་དུ་གནའ་དེང་གི་ཤེས་ཡོན་དང་བོད་ཀྱི་ནང་ཆོས། ལྟ་གྲུབ་སྤེལ་རེས་གནང་རྒྱུ་ཙམ་མ་ཟད། བོད་མིའི་ཚོའི་དངོས་ཡོད་གནས་སྟངས་དང་བོད་ནང་གི་ད་ལྟའི་གནས་སྟངས་སོགས་ལའང་ཤེས་རྟོགས་ཡོང་བར་དགེ་མཚན་ཆེན་པོ་ལྡན་ཡོད་ལུགས་མཱ་ཡ་མིས་མཐོ་སློབ་ཀྱི་འགན་འཛིན་ཇེ་ཕེ་རེ་ལགས་ཀྱིས་གསུངས་ཡོད་པ་རེད།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རིག་ལམ་སློབ་གཉེར་ཁང་དང་མཱ་ཡ་མིས་གཙུག་ལག་མཐོ་སློབ་གཉིས་དབར་དེ་སྔ་ནས་འབྲེལ་བ་ཡོད་པ་དང༌། ཐེངས་འདིའི་ཕྱི་ལོ་གསར་པའི་ཚེས་༡ཉིན་སློབ་ཕྲུག་བརྗེ་ལེན་གནང་རྒྱུ་གཏན་འཇགས་གན་ཡིག་ཞིག་བཞག་ཐུབ་པ་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བསྔགས་བརྗོད་གནང་ཡོད་པ་རེད།

སྤྱིར་གོ་ལ་འདིར་སྣོད་ཀྱི་ཆ་ནས་གླེང་དང་གླེང་ཕྲན། དེ་བཞིན་ཡུལ་གྲུ་དང་ལུལ་གྱི་བཀོད་པ་འདྲ་མིན། ད་དུང་བཅུད་ཀྱི་སེམས་ཅན་གྲངས་ལས་འདས་པ་ཞིག་ཡོད་པ་ལས་མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཡོད་པ་ཚོའི་རྣམ་སྤྱོད་དང་ཤེས་ཡོན། ཉམས་མྱོང་ལའང་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་ལུགས་དང༌། མི་སུམ་ཅུར་སེམས་པ་སུམ་ཅུ། མཛོ་སུམ་ཅུར་རཱ་ཅོ་དྲུག་ཅུ་ཞེས་པའི་དཔེ་ལྟར་མི་རྣམས་ལའང་བསམ་བློ་འདྲ་མིན་སྣ་ཚོགས་ཡོད་པས་ཉམས་མྱོང་སྤེལ་རེས་གནང་རྒྱུ་ཡང་མང་པོ་ཞིག་ཡོང་གི་ཡོད་པ། དེར་བརྟེན་ད་རེ་མཐོ་སློབ་གཉིས་དབར་གནའ་དེང་གི་ཤེས་ཡོན་དང་ལྟ་གྲུབ་མཉམ་སྤེལ་བརྗེ་ལེན། ད་དུང་སློབ་མ་ཕར་ཚུར་མངགས་གཏོང་གནང་རྒྱུའི་གན་ཡིག་བཞག་གནང་བ་དེར་དགེ་མཚན་ཆེན་པོ་ལྡན་ལུགས་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཚོག་གིས་གསུངས་ཡོད་པ་རེད།

བཞུགས་སྒར་དྷ་རམ་ཤ་ལའི་རིག་ལམ་སློབ་གཉེར་ཁང་དང་མཱ་ཡ་མིས་མཐོ་སློབ་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གན་ཡིག་ཅིག་བཞག་ཡོད་པ་དེས་བོད་ཀྱི་གཞོན་སྐྱེས་ཚོར་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཤེས་ཡོན་ཐོག་གོ་རྟོགས་གསར་པ་ཞིག་ཡོང་བའི་རེ་གནང་གི་ཡོད་པ་རེད།

མཛད་སྒོ་དེའི་ཐོག་བཙན་བྱོལ་གཞུང་གི་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་དང་དྲྀལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ། དེ་བཞིན་རྡ་རམ་ས་ལར་ཡོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་ལྷན་ཞུགས་གནང་ཡོད་ལ། གཞན་ཡང་མཛད་སྒོའི་སྐབས་རིགས་ལམ་སློབ་གཉེར་ཁང་གི་མཐོ་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་མཱ་ཡ་མིས་གཙུག་ལག་མཐོ་སློབ་ཀྱི་འགན་འཛིན་གཞོན་པ་ཌོག་ཊར་ཌེ་བྷོ་ར་ལགས། མཱ་ཡ་མིས་མཐོ་སློབ་ཀྱི་འགན་འཛིན་ཇེ་ཕེ་རེ་ལགས། སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཚོག་བཅས་ནས་རིམ་བཞིན་གསུང་བཤད་གནང་བ་དང༌། ས་ར་མཐོ་སློབ་ཀྱི་སློབ་དགེ་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གནས་ཚུལ་དེ་ཐོས་པ་དང་ང་རང་དངོས་གནས་དགའ་པོ་བྱུང༌། མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། a



བརྗོད་གཞི་གཞན་ཁག་ལ་གཟིགས།