༧གོང་ས་མཆོག་གི་གསུང་ཨམ་སྐད་དུ་བསྒྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༧ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་རིགས་ལམ་སློབ་གཉེར་ཁང་གིས་འགན་འཁུར་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལེའུ་ཚན་སྐར་མ་༣༠རིང་ཨམ་སྐད་དུ་བསྒྱུར་བའི་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་པ་དང༌། གཞན་ཡང་དངོས་ཁམས་རིག་པ་ལ་སོགས་པའི་རྒྱུ་སྐར་སྐོར་ཚན་རིག་གི་ཤེས་བྱ་སྣ་ཚོགས་ཤིག་གི་ངོ་སྤྲོད་ཀྱང་བོད་སྐད་ཐོག་བསྒྱུར་དང་སྒྱུར་བཞིན་པ་རེད་འདུག

དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྲིད་སྤྱི་དང༌། སྐྱེ་འགྲོའི་ཕན་བདེ་སྒྲུབ་ཐབས་སྐོར་གྱི་གསུང་ཆོས་དང་བཀའ་སློབ་གྲངས་ལས་འདས་པ་བརྩལ་དང་རྩོལ་བཞིན་པ་དང༌། གསུང་ཆོས་དང་བཀའ་སློབ་དེ་དག་རང་རང་གི་ཡུལ་ལུང་སོ་སོའི་སྐད་དུ་བསྒྱུར་ནས་འགྲེམས་སྤེལ་ཐུབ་པ་བྱུང་ན་དགེ་མཚན་དང་ཕན་ཐོག་ངེས་ཅན་ཡོང་ངེས་ལ་བརྟེན། ད་ལམ་བཞུགས་སྒར་རིག་ལམ་སློབ་གཉེར་ཁང་གི་སྒྲ་ཕབ་དང་བརྙན་འཕྲིན་སྡེ་ཚན་ནས་༧གོང་ས་མཆོག་གིས་སྤྱི་ལོ་༢༠༠༦ལོར་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་སློབ་ཕྲུག་ཕོ་མོ་སྟོང་ཕྲག་འགའ་ཤས་དང༌། མི་མང་གང་མང་འདུས་སར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀའ་དྲིན་ཆེ་བ་དེའི་ལེ་ཚན་གཅིག་ཚོད་ལྟའི་ཆེད་དུ་མདོ་སྨད་ཀྱི་ཁ་སྐད་ཐོག་ཕབ་བསྒྱུར་བྱས་འདུག ལས་འཆར་དེའི་ཐུགས་འགན་གཙོ་བོ་བཞེས་མཁན་རིགས་སློབ་མ་ལག་གཉིས་ཀྱི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང༌། གསུང་བསྒྱུར་དང་སྒྲ་སྦྱོར་གནང་མཁན་ཨ་རིར་བཅར་བཞུགས་སྦྲ་ནག་བརྩོན་འགྲུས་ལགས།  གློག་བརྙན་བཟོ་སྒྲིག་གནང་མཁན་གློག་ཀླད་ཆེད་མཁས་པ་བསམ་མཁར་དཔལ་ལྡན་འགྱུར་མེད་ལགས།  དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་བཅས་ཀྱིས་ཐུགས་འགན་གཙོ་བཞེས་ཐོག་གལ་ཆེའི་ལས་འཆར་དེ་དབུ་འཛུགས་ཞུས་པ་ཞིག་རེད་འདུག

གཞན་ཡང་རིགས་ལམ་སློབ་གཉེར་ཁང་གིས་དངོས་ཁམས་རིག་པ་ལ་སོགས་པའི་རྒྱུ་སྐར་སྐོར་ཚན་རིག་གི་ཤེས་བྱ་སྣ་ཚོགས་ཤིག་གི་ངོ་སྤྲོད་བོད་སྐད་ཐོག་བསྒྱུར་དང་སྒྱུར་བཞིན་པ་རེད་འདུག་ལ། ཐེངས་འདིར་སྦི་སྦི་སིས་འདོན་སྤེལ་བྱས་པའི་རྒྱུ་སྐར་གྱི་ནང་གསེས་སྐམ་སའི་སྐོར་ཞིག་རིགས་ལམ་སློབ་གཉེར་ཁང་ནས་བོད་སྐད་དུ་ཕབ་བསྒྱུར་ལེགས་གྲུབ་བྱུང་འདུག

དེར་བརྟེན་ད་ནང་ཞོགས་པར་འདི་གའི་གསར་འགོད་པས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སུ་ལས་འཆར་དེ་དག་སྐོར་བཅར་འདྲི་ཞུས་པར་ཁོང་གི་ངོ་སྤྲོད་དང་འགྲེལ་བརྗོད་གནང་དོན།
ད་ལྟ་ང་ཚོའི་རིག་ལམ་སློག་གཉེར་ཁང་གིས་སྒྲ་ཕབ་དང་བརྙན་འཕྲིན་སྡེ་ཚན་ནས་ཚན་རིག་གི་ལས་གཞི་ཞིག་ཡོད། ཚན་རིག་གི་ལས་གཞི་དེ་ནི་ཚན་རིག་གི་ཤེས་བྱ་མང་པོ་ཞིག་གློག་བརྙན་ནང་བཞིན་ལྟ་རྒྱུ་ཡོད་པ་གང་ཞིག་ལ་འགྲེལ་བཤད་ཆ་ཚང་བོད་སྐད་ནང་ཡོད་པ་ཞིག་རེད། དེའི་ནང་རྒྱུ་སྐར་༨དང་མིའི་གཟུགས་པོ་ཆ་ཚང་གི་འགྲེལ་བཤད་དེ་བོད་སྐད་ནང་བཟོས་ཚར་བ་རེད། དེའི་རྗེས་ལ་དངོས་ཁམས་ཚན་རིག་ལེའུ་ཚན་༣༠ཙམ་ཡོད་པ་ཞིག་བང་བསྒྲིགས་ནས་བོད་སྐད་ནང་ཕབ་བསྒྱུར་བྱས་དང་བྱེད་བཞིན་པ་ཡིན། ད་ལྟ་བར་དུ་ལེའུ་ཚན་བཞི་ལྔ་ཙམ་ཚར་སོང༌། དེ་ཚོ་ཚང་མ་གཏན་འཇགས་སློབ་གྲྭ་ཁག་དང༌། བོད་ཕྲུག་ཁྱིམ་སྡེ། དེ་བཞིན་གཞན་སློབ་གྲྭ་ཁག་གང་སར་འགྲེམས་སྤེལ་ཞུ་བཞིན་ཡོད། ད་ལྟ་བར་དུ་གང་ལ་གང་འཚམ་གྱིས་འགྲེམས་སྤེལ་ཞུས་ཟིན་པ་ཡིན།  མ་ཚད་དགོན་པ་གྲྭ་ཚང་དེ་ཚོ་ལའང་འགྲེམས་སྤེལ་བྱས་པ་ཡིན། ཁོང་ཚོ་མང་པོ་ཞིག་གིས་སོ་སོའི་སྐད་ཐོག་ནས་ཚན་རིག་གོ་རྟོགས་སྤེལ་བར་དཔེ་མི་སྲིད་པའི་ཡག་པོ་འདུག་གསུངས་ཀྱི་འདུག ལས་གཞི་དེ་ད་ལྟར་འགྲོ་བཞིན་པ་ཡིན་ཞེས་དང༌།

ཡང་ཁོང་གིས་དེ་དང་མཉམ་དུ་ང་ཚོའི་ལས་གཞི་གསར་པ་ཞིག་ནི། རྒྱུན་དུ་སྐྱབས་མགོན་རིན་པོ་ཆེས་གསུང་ཆོས་མང་པོ་ཞིག་གནང་བཞིན་ཡོད་པ་དང༌། དེའི་ནང་ཆབ་སྲིད་སྐོར་བཀའ་སློབ་མང་པོ་ཞིག་གནང་གི་ཡོད་པ་རེད་ལ།  ཤེས་ཡོན་སྐོར་ཡང་བཀའ་སློབ་མང་པོ་གནང་གི་ཡོད་པ་རེད།   དེ་ཚོ་ཚང་མ་ད་ལྟ་དབུས་སྐད་ནང་གནང་གི་ཡོད་པ་རེད། མདོ་སྨད་ཁུལ་དང་དེ་བཞིན་ཁམས་ཁུལ་གྱི་མི་མང་པོ་ཞིག་སྐྱབས་མགོན་རིན་པོ་ཆེར་དད་པ་ཆེན་པོ་ཡོད་ནའང་གསུང་སྐད་ཏག་ཏག་ཅིག་གོ་ཐུབ་ཀྱི་མི་འདུག དེར་བརྟེན་སྐྱབས་མགོན་རིན་པོ་ཆེའི་གསུང་སྐད་དེ་མདོ་སྨད་སྐད་དང་ཁམས་སྐད་དུ་སྒྲ་ཕབ་ཐུབ་པ་ཡིན་ན། ཆོས་ཀྱི་སྐལ་བ་མ་ཆད་པ་ཞིག་དང་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཟེར་མཁན་མང་པོ་ཞིག་བྱུང་སོང༌།

ང་ཚོའི་ཨ་རིར་བཅར་བཞུགས་སྦྲ་ནག་བརྩོན་འགྲུས་ཞུ་བ་ཞིག་ཡོད། ཁོང་རང་སྔོན་མ་ཚན་ཉིད་གྲྭ་ཚང་ནས་དགེ་རྒན་འོས་སྦྱོང་ཐོན་པའི་གྲས་དེ་འདྲ་རེད།  ཁོང་ལའང་སྔོན་མ་ནས་དེ་འདྲ་ཞིག་བཟོ་ཐུབ་ན་སྙམ་པའི་བསམ་ཚུལ་ཞིག་ཡོད་པ་རེད། ང་ཚོ་ལའང་འཆར་གཞི་དེ་འདྲ་ཞིག་ཡོད་དུས། ང་ཚོ་མཉམ་འབྲེལ་གྱི་ཐོག་ནས་བཟོ་རྒྱུའི་འཆར་གཞི་བྱས་པ་ཡིན། ཁོང་ལ་སྐད་ཧ་ཅང་ཡག་པོ་ཡོད་པས་མ་ཚད། རྒྱུན་དུ་གཞས་མང་པོ་བཏང་མྱོངས་མཁན་དེ་འདྲ་རེད་འདུག ཉེ་ཆར་ཁོང་རང་འདིར་སླེབས་ནས་ཚོད་ལྟའི་ཐོག་ནས་མདོ་སྨད་ཀྱི་སྒྲ་དེ་ཁོང་རང་གི་བཅུག་པ་རེད།

སྒྲ་དེ་སྐྱབས་མགོན་རིན་པོ་ཆེས་གསུང་པ་ནང་བཞིན་བཟོས་ཡོད་པ་རེད། དཔེར་ན་ད་ལྟ་གསར་རྙེད་ Discovery ཅེས་པའི་གློག་བརྙན་དེ་ཚོའི་ནང་དབྱིན་ཇིའི་སྐད་ཚབ་ཏུ་ཧིན་དྷིས་འགྲེལ་བཤད་རྒྱག་གིན་འདུག་ཨ། འོ་དེ་ནང་བཞིན་གཅིག་པ་གཅིག་རྐྱང་བཟོས་ཡོད་པ་རེད། གང་ལྟར་སྐུ་མདུན་སྐུ་ངོ་མས་ཨ་མདོའི་སྐད་ནང་གསུང་བ་ནང་བཞིན་བཟོས་ཡོད་པ་རེད། སྒྲ་དེ་བཅུག་ནས་༧སྐྱབས་མགོན་རིན་པོ་ཆེར་སྤྱན་བསྟར་ཞུས་པ་ཡིན། སྤྱན་བསྟར་ཞུ་དུས་ཐུགས་ཧ་ཅང་མཉེས་པོ་གནང་སོང་ལ། བོད་ལ་ཕར་ག་ཚོད་མང་མང་ཞིག་གཏོང་ཐུབ་ན་ཡག་པོ་འདུག་ཅེས་བཀའ་གནང་སོང༌ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་གསར་འགོད་པས་མདོ་སྨད་ཕྱོགས་ནས་མི་མང་པོ་ཞིག་གིས་༧གོང་ས་མཆོག་གི་གསུང་སྐད་མི་ཐོས་པ་ནང་བཞིན། ཁམས་ཕྱོགས་ལའང་དེ་འདྲ་མང་པོ་ཞིག་ཡོད་པ་རེད། དེ་བརྟེན་མ་འོངས་པར་༧གོང་ས་མཆོག་གི་གསུང་ཁམས་སྐད་ཐོག་ཏུའང་སྒྲ་སྒྱུར་བྱ་རྒྱུའི་འཆར་གཞི་དེ་འདྲ་ད་ལྟ་ཡོད་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་དུས།
དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ང་ཚོས་ལས་འཆར་གྱི་ས་མིག་ནང་བཞག་ཡོད་པ་རེད་ལ། འཆར་གཞིའི་ནང་སྒྲིག་བཞིན་པ་ཡིན། ད་ལྟ་མདོ་སྨད་ཀྱི་སྐད་ནང་ཡོད་པ་དེ་ཚོ་ཚང་མར་ཐུགས་མོས་པོ་དང་ཕན་ཐོགས་ངེས་ཅན་ཞིག་འདུག་བསམས་པ་བྱུང་ན། ང་ཚོའི་ལས་གཞིའི་སྡེ་ཚན་དེ་འདྲ་ཡོད་པ་རེད། གནད་འགག་གཙོ་བོ་དེ་སྒྲ་སྒྱུར་མཁན་གྱི་མི་འཚོལ་དགོས་ཀྱི་འདུག ལས་ཀ་དེ་ལས་སླ་མོ་ཞིག་རེད་མི་འདུག ༧སྐྱབས་མགོན་རིན་པོ་ཆེས་གསུངས་པའི་སྒྲ་དེའི་ཚབ་ཏུ་སྒྲ་དེ་འཇུག་དགོས་ཀྱི་ཡོད་དུས། སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་དང་གསུང་ཆོས་གནང་སྐབས་ཞེ་ས་མ་ཞུས་ན། སེམས་ཚོར་གྱི་རྣམ་འགྱུར་དང་འབྲེལ་བའི་སྒྲ་མཐོ་དམའ་ཚང་མ་ཇི་བཞིན་པ་ཞིག་དགོས་དུས། དེ་སྔོན་ཁྱོན་ཆུ་ཚོད་༡༠ཡས་མས་ཤིག་ལས་ཀ་བྱས་པ་རེད་དེ། ད་ལྟ་ང་ཚོར་རག་པ་དེ་སྐར་མ་༣༠ཅན་གྱི་ལེའུ་ཚན་ཞིག་མ་གཏོགས་རག་ཐུབ་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

གློག་བརྙན་ལྟར་ཚན་རིག་གི་ཤེས་བྱ་མང་པོ་ཞིག་གི་འགྲེལ་བཤད་བོད་སྐད་ཐོག་ཕབ་བསྒྱུར་བྱས་ཡོད་པ་དེ་དག་དེབ་ཐོག་ཏུ་དེ་སྔོན་པར་སྐྲུན་བྱས་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས།
ད་ལྟའི་ཆར་གློག་བརྙན་གྱི་འཁོར་ཐག་དེ་ག་རང་རེད། དེ་དང་མཉམ་དུ་རིམ་པར་དེབ་གཟུགས་བཟོ་རྒྱུའི་འཆར་གཞི་ཡོད། གང་ཡིན་ཟེར་ན། བརྗོད་གཞི་དང་ཕབ་བསྒྱུར་བྱས་པ་དེ་ཚོ་ཚང་མ་ཡིག་ཐོག་ཏུ་ཡོད་པ་རེད། དབྱིན་ཡིག་ནང་ཡོད་པ་རེད། བོད་ཡིག་ཐོག་ཡོད་པ་རེད། དེ་གཉིས་སྒྲིག་ནས་དེབ་གཟུགས་བཟོ་རྒྱུར་འཆར་གཞི་དེ་འདྲ་ཡོད་ཅེས་གསུངས་སོང༌།

རྒྱལ་སྤྱི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བཅར་འདྲི་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (9)
དགོངས་དག་རྣམ་ཀུན་གློག་ཀླད་བེད་སྤྱོད་མི་བྱེད་པའི་རྐྱེན་གྱི་བྲིས་མ་ཚར་གོང་ནས་དྲ་བར་བཀོད་ཐལ་ཤོར་སོང་། དགོངས་ཚུལ་༧པའི་འཕྲོས། ཕྱི་རོལ་ནས་བལྟ་དུས་རིགས་སློབ་འགན་འཛིན་གཞོན་པ་མིག་ཀྱོག་ཀྱོག་ཞིག་ཡོད་ལ། དོན་དངོས་སུ་སེམས་པ་ཡང་ཀྱོག་ཀྱོག་ཡིན་པ་གསལ་ཤེས་བྱུང་། མི་རིགས་ཞིག་གནས་དགོས་པ་ལ་ངེས་པར་དུ་སྐད་ཡིག་གནས་དགོས་པ་ཚང་མས་ཤེས་བཞིན་དུ་རིགས་སློབ་སྟེང་ཤོད་གཉིས་ཀྱི་འགན་འཛིན་ཁ་སྒྲིལ་ནས་སྐད་ཡིག་དང་ཆོལ་ཁའི་བར་དུ་རྒྱང་ཐག་རིང་དུ་གཏོང་ཐབས་བྱེད་པ་ནི་དུས་དང་གནས་སྐབས་གང་དུ་འང་ཕན་ཐོགས་མེད། རེ་བསྐུལ་ཞུ་རྒྱུ་ནི་བོད་མིར་ཕན་ཆེད་བོད་སྐད་སྤྱི་ལ་ཁྱབ་པར་རྣམ་དཔྱོད་བཏོན་རྒྱུ་ཡོད་ན་དགའ་བསུ་ཞུ། དེ་མིན་བྱེད་བྱེད་མང་ན་མི་རིགས་ཀྱི་ལོ་རྒྱུས་ནང་གི་ཉེས་ཅན་པ་ཞིག་ཏུ་འགྱུར་ཉེན་ཡོད། ལོ་རྒྱུས་ཐོག་དཔའ་བོར་གྱུར་པའི་དགེ་རྒན་གྱི་ཞབས་ལ་ཐག་པ་མ་འཐེན།
མི་ལོ་སྟོང་ཕྲག་མང་པོའི་རིང་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་བོད་མིས་སུས་འཆད་རྩོད་རྩོམ་གསུམ་མཛད་ཀྱང་བོད་པ་དང་བོད་པའི་བར་ལ་སྐད་བསྒྱུར་བྱས་པ་བྱུང་མེད་ལ། དེ་ལྟར་དགོས་དོན་ཡང་མེད། དེ་ནི་རྩ་བའི་བོད་ཡིག་གི་རྨང་གཞི་དབྱངས་གསལ་དང་བཅས་པ་ཐོན་མི་མཛད་པ་གཅིག་མཚུངས་ལས་ཆོལ་ཁ་རེར་ལོགས་སུ་མེད་པས་ཡིན། ད་ལྟ་ནི་ཐོན་མིས་མ་མཛད་པའི་བོད་ཡིག་འབྲི་མཁན་མང་ལ། བོད་སྐད་མིན་པའི་བོད་སྐད་ཤོད་མཁན་ཡང་ཇེ་མང་དུ་གྱུར། ཡིད་སྐྱོ་བ་ཞིག་ལ་བོད་པ་དང་བོད་པའི་བར་དུ་སྐད་འསྒྱུར་དགོས་པ་དང་གཅིག གཉིས་ནས་༸གོང་ས་མཆོག་གི་གསུང་ཆོས་བོད་སྐད་ནས་བོད་སྐད་དུ་བསྒྱུར་དགོས་པའི་ཡིད་སྐྱོ་ཐབས་སྡུག་གི་གནས་འདི་ལྟ་བུར་སུ་གྱུར་ཡོད། རིགས་ལམ་སློབ་གཉེར་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ནས་༸གོང་ས་མཆོག་གི་གསུང་བོད་སྐད་ནས་བོད་སྐད་དུ་བསྒྱུར་བ་ལས། བོད་མི་རྣམས་ཀྱི་བོད་སྐད་གཙང་མ་ཞིག་ཤོད་ཐུབ་པ་དང་། བོད་ཡིག་ཡག་པོ་ཞིག་འབྲི་ཐུབ་པའི་འབད་བརྩོན་དང་། ལྷག་པར་བོད་མི་ཚང་མས་བོད་ཀྱི་སྤྱི་སྐད་རྒྱག་ཐུབ་པ་ཞིག་དང་། ཨ་མདོ་བས་ཀྱང་༸གོང་ས་མཆོག་གི་བྱིན་ཅན་གྱི་གསུང་དངོས་སུ་གོ་ཐུབ་པ་ཞིག་ལ་འབད་བརྩོན་གནང་ན་མི་ལེགས་སམ། ང་ཚོ་རིག་གཞུང་གི་ལྟེ་གནས་རྣམས་ནས་བོད་ཀྱི་སྐད་ཡིག་གཅིག་གྱུར་ཡོང་ཐབས་དང་། བོད་ཀྱི་སྤྱི་སྐད་ལ་ཞབས་འདེགས་ཞུ་མ་ཐུབ་ཀྱང་དེ་ལས་ལྡོག་པའི་དོན་མེད་ཀྱི་ལས་འཆར་མི་སྒྲིག་པའི་རེ་བསྐུལ་ཞུ་བཞིན་ཡོད།
བོད་རྒྱ་མིས་བཟས། བོད་སྐད་བོད་པས་བཟས། བོད་པ་དང་བོད་པའི་དབར་སྐད་བསྒྱུར་དགོས་པའི་དུས་ངན་འདིར་༸གོང་ས་མཆོག་གི་གསུང་བོད་སྐད་ནས་བོད་སྐད་དུ་བསྒྱུར་དགོས་བྱུང་། ཁ་སང་ཨ་མདོའི་སྐད་དུ་བསྒྱུར། དེ་རིང་ཁམས་པའི་སྐད་དུ་བསྒྱུར། སང་ཉིད་དབུས་གཙང་སྐད་དུ་བསྒྱུར། གནངས་ཉིན་དབུས་ལས་གཙང་གི་སྐད་དུ་བསྒྱུར་། གཞེས་ཉིན་གཙང་སྐད་ལས་སྟོད་པའི་སྐད་དུ་བསྒྱུར། དེ་ལྟར་གྲོང་འཁྱེར་ནས་གྲོང་བརྡལ་དང་། གྲོང་བརྡལ་ནས་གྲོང་ཚོ་སོགསལུང་པ་རེར་སྐད་ལུགས་རེར་དང་། བླ་མ་རེར་ཆོས་ལུགས་རེ་རེའི་དཔེ་ལྟར་ལུང་ཚན་རེ་རེའི་སྐད་རིགས་མི་འདྲ་བའི་སྐད་ཐོག་ཇི་ལྟར་བསྒྱུར་རམ། ༸གོང་ས་མཆོག་གི་གསུང་བྱིན་ཅན་དབྱིན་ཡིག་སོགས་ཕྱི་རྒྱལ་གྱི་སྐད་ཡིག་གཞན་ཐོག་བཀའ་རྩོམ་དེབ་གྲངས་༣༠༠ཙམ་བོད་སྐད་དུ་བསྒྱུར་དགོས་ངེས་རྣམས་བོད་སྐད་དུ་མི་བསྒྱུར་བར་བསྒྱུར་མི་དགོས་པ་བོད་སྐད་ནས་བོད་སྐད་དུ་བསྒྱུར་བ་ནི་ཡ་མཚན་གྱི་གནས་ཡིན། ལྷག་པར་གཞིས་ལུས་མཁས་དབང་དང་རྩོམ་པ་པོ་སོགས་ནས་སྐུ་ངལ་འཛེམས་མེད་དང་མི་རིགས་གཅིག་ལ་སྐད་ཡིག་གཅིག་འགྱུར་ཡོང་ཐབས་སུ་རང་སྲོག་འབེན་ལ་བཙུགས་ནས་དཀའ་ལས་སྐྱོན་བཞིན་པའི་སྐབས་འདིར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་རིགས་ལམ་སློབ་གཉེར་ཁང་གི་དབུ་ཁྲིད་རྣམ་གཉིས་ནས་མི་ལོ་སྟོང་ཕྲག་མང་པོའི་རིང་བོད་ཀྱི་སྐད་ཡིག་གཅིག་ལ་སློབ་གཉེར་གནང་སྟེ། བོད་ལྗོངས་སུ་བོད་བརྒྱུད་ནང་བསྟན་མཁས་དབང་སྐར་ཚོགས་ལྟར་བྱུང་ཡོད་པ་མི་མཁྱེན་པ་མིན། རྒན་དམ་པས་ཁམས་སྐད་དུ་གསུངས་ནས་ཁྱེད་ཚོ་སྤྱི་ཚོགས་དེ་ནང་མི་ཀུན་ལས་ལྷག་ཙམ་ཞིག་བྱུང་བ་དེ་དཔང་རྟགས་མ་ཡིན་ནམ། བོད་འབངས་ཀུན་གྱིས་༸གོང་ས་མཆོག་གི་གསུང་ལ་ཐོས་བསམ་ཞུ་དགོས་པ་ལས་༸གོང་ས་མཆོག་གི་གསུང་ལ་སྲེ་ལྷད་བཅུག་སྟེ་རང་ཉིད་རྣམ་དཔྱོད་ཅན་ཡིན་ཁུལ་གྱི་བྱ་ངན་དེའི་རིགས་དོར་ན་དགའ། ཁྱེད་ཚོ་སློབ་ག
6 ༡༡༢༠༡༠༠༩༤༨
ཁ་བའི་ཕོ་ཉ།
ཨོ་ཧོ། ད་དངོས་གནས་བཀའ་ལས་ཁག་པོ་རེད། དེང་སང་ཁྱིམ་ཚང་གཅིག་གི་ནང་དུ་ཡང་སྐད་རིགས་མི་གཅིག་པ་དུ་མ་ཞིག་ཡོང་བཞིན་པར་བརྟེན། ཨ་ཕའི་སྐད་དང་། ཨ་མའི་སྐད་དང་། ཕྱི་རྒྱལ་ནས་ཡོང་པའི་ཕྲུ་གུ་ཚོ་། རྒྱ་གར་དང་ནེ་པལ་ལས་ཡིན་པའི་གཡོག་པོ་གཡོག་མོ་བཅས་རེ་རེའི་ཆེད་དུ་་་་་་་་་་་་་ད་གཡུགས་ཤོག་ཡོང་ས་མ་རེད། །
5 ༡༠༢༠༡༠༠༠༡༢
འབའ་པ་འཆི་མེད།
དེ་རིང་ཨམ་སྐད་དང་སང་ཉིན་ཁམས་སྐད་དུ་བསྒྱུར་གནངས་ཉིན་ལུང་ཚན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཡག་མོ། ཡག་མོ། འདུག
4 ༠༩༢༠༡༠༢༢༣༢
འབའ་པ་འཆི་མེད།
སྤྱིར་བཏང་༸གོང་ས་མཆོག་གི་གསུང་སྐད་ཡིག་གཞན་དང་གཞན་གྱི་ཐོག་བསྒྱུར་ཤིན་ཏུ་བཟང་མོད་འོནཀྱང་ཁ་སང་ཨ་མདོའི་སྐད་དུ་བསྒྱུར་དེ་རིང་དབུས་དང་སང་ཉིན་ཁམས་པའི་སྐད་དུ་བསྒྱུར་དེ་ནས་ལུང་ཚན་སོ་སོའི་སྐད་དུ་་་་་་་་་་་་་་་་་་་་་་་་ད་ཆོལ་གསུམ་གཅིག་གྱུར་གྱི་སྐད་ཡིག་གང་ན་འདུག་་་་་་་་་་་་་་་་་་་་་་་་་་ཤ་ཚ་ཁོ་འཆི་ལ་ཉེ།།
3 ༠༨༢༠༡༠༢༣༣༧
སྐུ་ཉིད་བདེ་ཐང་ལགས་སམ།་་་་་་་་་་་་་་་་་་་་་་་་་མཇལ་བར་དགའ་བྱུང་་་་་་་་་་་་་་་་་་་བྲལ་བར་མི་སེམས་་་་་་་་་་་་་་་་་་བོད་ཆེན་པོའི་སྙན་ངག་གི་གར་སྟེང་དུ་་་་་་་་་་་་་་་་ར་བཟི་འཁྱོག་པོ་ང་ཡིས་་་་་་་་་་་་་་་་་་་་་་་་་་་་ཚབ་ཚུབ་གི་གར་ལ་འཆམ་འདོད་་་་་་་་་་་་་་་་་་་་་་་་་་སྟོན་མོ་ཧ་ཅང་ཆེན་པོ་ཡོང་ངེས་་་་་་་་ལྷན་དུ་ཆམ་ཤོག་ཨ་།་་་་་་་་་་་་་་་་སོའོ་་་་་སོའོ་་་་སོའོ་་་་་་་་་་་་ཀ་ཁ་ག་ང།་་་་་་་་་་་་་་བོད་ཡིག་བསླབས།་་་་་་་་་་་་་་གཅིག་གཉིས་གསུམ་བཞི་ཨང་རྩིས་སྦྱངས།་་་་་་་་་་རྒྱན་ལགས་ཀྱི་གསུངས།་་་་་་་་་་་་སེམས་ལ་བཞག་་་་་་་་་་་་་་་་་ང་ཡིས་གར་འཆམ་སེགས་ཨེ་སོང།་་་་་་་་་་་་
2 ༠༨༢༠༡༠༢༢༡༨
༧གོང་ས་མཆོག་གི་གསུང་ནི་ཡུལ་སྐད་ཀྱིས་བསླད་པ་ཉུང་བའི་ཁར། ཁོང་རྟག་པར་མདོ་དབུས་ཁམས་གསུམ་གྱི་མི་སྣ་ལ་འབྲེལ་འདྲིས་ཟབ་པའི་རྒྱུ་མཚན་གྱིས་དབུས་སྐད་རྐྱང་བ་ཞིག་གསུང་གིན་མེད་ལ། ཡིག་སྐད་དང་མཐུན་ཤོས་ཆེ་བའི་་ཁོང་གི་གསུང་དེ་ནི་བོད་ཀྱི་རིག་གནས་སམ་བོད་ཡིག་གི་ཆུ་ཚད་ཅུང་ཟད་ཡོད་པ་ཞིག་ཡིན་ཕྱིན་་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུ་ཙམ་གོ་ཐུབ་་པས་ན། ཨམ་སྐད་སོགས་སུ་བསྒྱུར་བའི་དགོས་པའི་དགོས་པ་ལྷག་པ་ཞིག་མ་མཐོང་ངོ་།
1 ༠༧༢༠༡༠༢༣༢༦
མི་བྱེད་དགུ་མཁན་ཨ་མདོ་བས་ད་སང་ཉིན་མགོ་ལོག་ནས་མཚོ་སྔོན་བར་ཡོད་ཚད་ཀྱི་སྐད་ཐོག་བསྒྱུར་ཐུབ་བམ།



བརྗོད་གཞི་གཞན་ཁག་ལ་གཟིགས།