འཛམ་གླིང་སྤྱི་བསང་དང་མནར་གཅོད་འགོག་པའི་ཉིན་མོ་སྲུང་བརྩི།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༦ཉིན། ད་ནང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་གནས་སྡོད་བོད་མི་རྣམས་ཀྱིས་ལྷ་རྒྱལ་རིར་གསང་གསོལ་དང༌། དེ་རྗེས་གཙུག་ལག་ཁང་གི་ཉེ་འགྲམ་དང་རླངས་འཁོར་བབས་ཚུགས་སོགས་སུ་ས་རྟགས་བརྡུ་རུབ་ཀྱི་ལས་འགུལ་བཅས་རིམ་པར་སྤེལ་ཡོད་པ་རེད།
དེ་རིང་༼འཛམ་གླིང་སྤྱི་བསང་༽གི་ཉིན་མོར་༼ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་༽གོ་སྒྲིག་འོག བཞུགས་སྒར་ལྷ་རྒྱལ་རིར་དྷ་ས་གནས་སྡོད་བོད་མི་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས། ཆུ་ཚོད་༢ཙམ་རིང་གསོལ་འདེབས་སྨོན་ལམ་དང་བསང་གསོལ་གྲ་རྒྱས་ཤིག་བྱས་ཡོད་པ་རེད། སྐབས་དེར་མི་མང་རྣམས་ལ་འབྲས་སྲེས་དང་གསོལ་ཇ་ཡང་དྲངས་སོང༌།
མ་ཚད་དེ་རིང་ནི་༼རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་༽ཞིག་ཀྱང་ཡིན་པས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་བརྩི་དང༌། རྒྱ་གཞུང་གི་བརྩོན་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་བརྩོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དུ། མནར་གཅོད་ལ་ངོ་རྒོལ་གྱིས་ས་རྟགས་བརྡུ་རུབ་བྱེད་བཞིན་ཡོད་པས་མ་ཚད། ཕྱི་དྲོ་ཆུ་ཚོད་༢་༣༠ཐོག་༼མནར་གཅོད་འོག་གི་བོད་མིའི་ཆབ་སྲིད་བརྩོན་པ་༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་དང༌། དགོང་མོ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཡང་སྤེལ་འཆར་ཡོད་པ་རེད།
གཞན་ཡང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ཐ་མག་འགོག་རྒོལ་གྱི་ལས་འགུལ་ཡང་སྤེལ་སོང༌། སྐབས་དེར་ཐ་མག་འགོག་རྒོལ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་མི་མང་རྣམས་ཀྱི་ས་རྟགས་བསྡུ་རུབ་དང༌། ཐ་མག་འགོག་རྒོལ་གྱི་རྣམ་པ་མཚོན་ཆེད་པར་དང་འདྲ་རིས་མང་པོ་སྦྱར་འགྲེམས་ཡང་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།