བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཕྱོགས་བསྐྱོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༤ཉིན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུས་ལྟར། དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས། ཟླ་འདིའི་ཚེས་༢༡ནས་འགོ་འཛུགས་ཀྱིས་ཡོ་རོབ་ཁུལ་དུ་གཟིགས་སྐོར་གནང་བཞིན་ཡོད་པ་རེད།

དེ་ཡང་ཐེངས་འདིར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས། འདི་ལོ་ཕྱི་ཟླ་༦པའི་ཚེས་༢༡ནས་འགོ་འཛུགས་ཀྱིས་འདི་ལོ་ཕྱི་ཟླ་༧པའི་ཚེས་༡༨བར་ཟླ་བ་གཅིག་ཙམ་རིང་ཡོ་རོབ་ཁུལ་དུ་རྒྱལ་ཁབ་ཁག་༦ནང་གཟིགས་སྐོར་གནང་དང་གནང་བཞིན་པ་རེད་འདུག

གཟིགས་སྐོར་དེ་ཟླ་འདིའི་ཚེས་༢༡ཉིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འཛིན་སྐྱོང་བསྟི་གནས་དང་བྷེ་ཇམ་གྱི་རྒྱལ་ས་བྷུར་ཟལ་ནས་འགོ་འཛུགས་བྱས་ཡོད་འདུག་པ་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌིན་སི་བྷར་བྷུན་ལགས་ཀྱིས་གོ་སྒྲིག་དང༌། སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་དང་ཁོང་གི་ལས་རོགས་ཀྱིས་ས་གནས་འབྲེལ་མཐུད་བཅས་ཀྱི་རྒྱབ་སྐྱོར་འོག འདས་པའི་ཉིན་༥རིང་ཁྱོན་མཛད་འཆར་ཁག་༧ཙམ་ལེགས་གྲུབ་བྱུང་ཡོད་འདུག

ཉེ་ཆར་རེས་གཟའ་མིག་དམར་ཉིན་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བྷེ་ཇམ་དུ་ བྷེ་ཇམ་བོད་ཀྱི་གྲོགས་པོ་ཚོགས་པ་དང༌། བོད་མིའི་ཡར་རྒྱས་ཐེབས་རྩ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་དང་ཆུད་ཚོད་༡དང་ཕྱེད་ཀ་ཙམ་གྱི་རིང་མཇལ་འཕྲད་བྱས་ཡོད་འདུག་ལ། སྐབས་དེར་ཁོང་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད་དང༌། ཕྱི་ལོ་༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ནི་གནད་དོན་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་པ་རེད།

གཞན་ཡང་ཁོང་གིས་སྐབས་དེར་མང་གཙོའི་གལ་གནད་དང༌། མང་གཙོའི་ལམ་ལུགས་ནང་ཆབ་སྲིད་ཀྱི་ཚོགས་པ་མང་པོ་དགོས་ཀྱི་ཡོད་པས་མ་ཚད། བོད་མི་མང་སྤྱི་འཐུས་ལའང་གྲོས་ཚོགས་གོང་འོག་གཉིས་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་གཅིག་གི་འཐུས་མི་ནི་འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཁ་ཐུག་འདེམས་སྐོར་བྱ་རྒྱུ་དང༌། གྲོས་ཚོགས་གཅིག་ཤོས་དེའི་འཐུས་མི་ནི་བོད་ནང་དང་བོད་མིའི་དགོན་སྡེ་ཁག་ནས་འདེམས་སྐོར་བྱེད་དགོས་ཀྱི་ཡོད་པ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མ་འོངས་གྲོས་ཚོགས་གསར་པའི་འཐུས་མི་དེ། ན་གཞོན་ཤེས་ཡོན་ཅན། ལས་ཀར་འཇོན་ཐང་ཡོད་མཁན། དབྱིན་སྐད་བཀྱོན་ཐུབ་མཁན་དེ་འདྲ་ཞིག་སླེབས་དགོས་ཀྱི་ཡོད་པའི་ནན་བཤད་བྱེད་བཞིན་ཡོད། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མ་འོངས་བོད་པའི་གཞོན་སྐྱེས་ཚོར་ཤེས་ཡོན་གྱི་གནས་ཚད་མཐོ་པོ་དགོས་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བར་ཞིག་མཐོང་གི་ཡོད། ཚོགས་པའི་ངོས་ནས་ཟབ་སྦྱོང་འདྲ་མིན་ཞིག་གོ་སྒྲིག་ཞུ་བཞིན་ཡོད། ན་ནིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་དབྱི་ཊ་ལི་རུ་བོད་མིའི་ཚོགས་སྡེ་སོགས་དང་མཉམ་འབྲེལ་གྱིས་དབྱི་ཊ་ལི་རུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་ཚན་རིག་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ ་བལ་འབྲུག་གསུམ་དུ་ཁྱོན་ཚོགས་མི་༤༠༠༠ཙམ་ཡོད་པ་དང༌། འཆི་མེད་གཡུང་དྲུག་ལགས་ཀྱིས་དེ་སྔོན་ལོ་༤ཙམ་རིང་མང་གཙོ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་དང༌། ཁོང་ཉིད་ཐོག་མར་ཚོགས་གཙོ་གནང་སྐབས་སུ་ས་གནས་ཁག་ཏུ་ཚོགས་པའི་ལན་ལག་ཁག་༦དང་༧ཙམ་ལས་མེད་ཀྱང༌། ད་ལྟའི་ཆར་ཁྱོན་ཚོགས་པའི་ཡན་ལག་གྲངས་༣༣ཙམ་ཡོད་པ་རེད།

ཁ་སང་རེས་གཟའ་ལྷག་པ་ཉིན་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། བྷེ་ཇམ་གྱི་རྒྱལ་ས་བྷུར་ཟལ་དུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཡོ་རོབ་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་དང་མཇལ་འཕྲད་གནང་ཡོད་འདུག་པ་རེད། སྤྱིར་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབར་ཆབ་སྲིད་ཀྱི་ལངས་ཕྱོགས་གཏན་ནས་མི་འདྲ་ནའང༌།   སྐབས་དེའི་མཇལ་འཕྲད་ཐོག་ཁ་གསལ་གཏིང་གསལ་གྱིས་བསམ་ཚུལ་བརྗེ་ལེན་དང༌། ཆབ་སྲིད་སྐོར་གྲོས་སྡུར་ལྷུག་པོར་གནང་ཡོད་འདུག

དེ་དང་དུས་མཚུངས་སུ་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དང་མཇལ་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད་གནང་བས་མ་ཚད། བོད་མིའི་འོས་འདེམས་དང་ཚོགས་པའི་གནས་བབ་བཅས་ཀྱི་སྐོར་ཡང་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རྗེས་ཡོ་རོབ་མཉམ་འབྲེལ་འཐུས་ཚོགས་ཀྱི་འཐུས་མི་ཚོས་དྲི་བར་དྲིས་ལན་དང༌། དམིགས་བསལ་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མཱ་སི་ལགས་ནས་དོན་སྣང་ཆེན་པོ་གནང་ཡོད་འདུག

རེས་གཟའ་ཕུར་བུ་སྟེ་ཕྱི་ཚེས་༢༤ཉིན་འཆི་མེད་གཡུང་དྲུང་ལགས་ཀྱིས་བྷེ་ཇམ་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་པ་ཁག་ཅིོག་དང་མཇལ་འཕྲད་དང་གྲོས་སྡུར་གནང་ཡོད་པ་རེད། སངས་ཉིན་རེས་གཟའ་པ་སངས་ཏེ་ཕྱི་ཚེས་༢༥ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁོང་ལ་བཅར་འདྲི་དང་དེ་རྗེས་ལུ་སིམ་བྷུར་ག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཁག་ཅིག་དང་མཇལ་འཕྲད་དང་གྲོས་སྡུར་གནང་རྒྱུ་ཡིན་པ་རེད།

ཕྱི་ཚེས་༢༦ཉིན་བྷེ་ཇམ་བོད་རིགས་ཚོགས་སྡེ་དང་ལྷན་དུ་ཚོགས་ཞུགས་གནང་རྒྱུ་དང་། གཞན་ཡང་ཁོང་གི་བྷེ་ཇམ་ཁུལ་དུ་གཟིགས་སྐོར་གྲུབ་རྗེས། ཇར་མན་དང༌། སིན་པན། ཧྥ་རན་སི། སུད་སི། ཨོ་སི་ཁྲུའུ་ལི་ཡ་སོགས་སུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ཡོ་རོབ་ཁུལ་དུ་གཟིགས་སྐོར་ཁག་གྲུབ་རྗེས་ལ་དྭགས་དང་བལ་ཡུལ་སོགས་སུའང་གཟིགས་སྐོར་གནང་འཆར་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༢༦༢༠༡༠༡༨༡༤
ཟ་རྒན་ཟེར་བ་སོགས་དགོས་མེད་ཀྱི་འདོད་གཏམ་སྣ་ཚོགས་མི་གསུང་བར་ཞུ། ཁོང་རྣམ་པ་སྤྱི་དོན་ལ་དགོངས་ནས་གང་སར་ཕྱོགས་སྐྱོད་གནང་དགོས་བྱུང་བ་རེད། དེ་ལྟ་བུའི་ཕྱག་ལས་ལ་དཀའ་ཚེགས་དང་ཐུགས་ངལ་ཚད་མེད་ཡོད་ངེས་པས་ང་ཚོས་རྒྱབ་སྐྱོར་དང་སྨོན་འདུན་ཞུས་ནས་ཁོང་རྣམ་པར་ཞབས་སྐུལ་ཞུ་འོས་ལས། ཞེ་སྡང་དང་ང་རྒྱལ་གྱི་བསམ་པས་ཚིག་མཚོན་སྣ་ཚོགས་འདེབས་པ་འདི་རང་རེ་བོད་པའི་གནང་སྟངས་ཨེ་ཡིན། དེ་འདྲ་ཁོ་ན་གསུང་ཞུགས་ན་རང་རེའི་བོད་དོན་སྒྲུབ་མཁན་ཞིག་ཡོང་ངམ། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ། ཅེས་གསུངས་པ་མ་ཡིན་ནམ། ཁོང་ལ་དངོས་འབྲེལ་སྐྱོན་ཡོད་པའི་སྒྲུབ་བྱེད་ཡོད་ན་ཐབས་ལམ་འོས་འཚམས་ཤིག་ལ་བརྟེན་ནས་གསུང་དགོས་མིན་ནམ། ཕྱི་མིས་ཁྲེལ་དགོད་གནང་ཡོང་སྤུན་ཟླ་ལྷན་རྒྱས་ཚོ། ཐུགས་རྗེས་གཟིགས།
4 ༢༥༢༠༡༠༡༦༣༠
ལི་ཐང་བློ་བསྟན།
ཁོང་གི་ཕྱོགས་བསྐྱོད་དེས་བོད་ཀྱི་མ་འོངས་པའི་ལས་དབང་ལ་ཅི་ཞིག་ཕན་མིན་དེ་གཙོ་བོར་བཤད་དགོས། ད་ལྟ་བགོ་གླེང་ལ་ཞུགས་བཞིན་པ་་རྣམས་ཀྱིས་གླེང་སློང་བྱོས།
3 ༢༥༢༠༡༠༡༠༠༡
ཟ་རྒན་དེ།
ངས་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ཟེར་བ་འདི་ཡི་ལས་དོན་ཅི་ཡིན་མི་ཤེས། ཁོང་ཚོས་ན་གཞོན་འཐུས་མི་དབྱིན་ཡིག་ཤེས་དགོས་པ་མ་གཏོགས་བོད་ཡིག་ཤེས་དགོས་པ་མ་བགྲངས་པ། ད་དུང་རང་ཉིད་ཀྱིས་བཏོན་པའི་འཐུས་མིའི་འོས་མི་སོགས་མང་པོས་དབྱིག་ཡིག་མི་ཤེས་པ། འོ་་
ད་དུང་ཆོལ་ཁ་ཆོས་ལུགས་སྤྱི་འཐུས་མི་འདོད་པ་སོགས་འགལ་བ་ལྟག་སྤྲོད་བཤད་མཁན་རེད།
1 ༢༤༢༠༡༠༢༡༢༨
སེར་སྨད་བློ་དགའ།
སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོའི་ངོས་ནས་དབུས་ཚོགས་གཙོ་མཆོག་གི་བོད་དོན་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཡོང་བར་དཀོན་མཆོག་ལ་སྐྱབས་འཇུག་ཞུ་བཞིན་ཡོད། བོད་མི་ཚང་མས་ཁོང་གི་བོད་དོན་མཛད་འཕྲིན་ཁག་ལམ་ལྷོང་ཡོང་བའི་ཐུགས་སྨོན་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།